ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠ཡི་རིང་གི་བློ་འབྱེད་ཁག་གསུམ།
སྤེལ་བའི་དུས་ཚོད། : 2018-11-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྐབས་དང་པོའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་དེ་སྤྱི་ཟླ་༡༡པའི་ཚེས་༥ཉིན་ཧྲང་ཧད་ཡི་ཆིང་ཕུ་ལ་འཚོགས་འགོ་ཚུགས་ཡོད་པ་རེད། རྒྱལ་ཁབ་༡༣༠ལྷག་ནས་ཡོང་བའི་ཁེ་ལས་༣༠༠༠ལྷག་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་པ་དང་། དབུས་ཤར་གྱི་བེ་ཏའི་ཤིང་ཏོག་དང་ཁ་སུར་དང་། ཁོ་སི་ཐ་རི་ཁའི་ཤིང་ཏོག་པོའོ་ལོའོ། ཧྥ་རན་སིའི་གསར་གཏོད་སྨན། འཇར་མན་གྱི་འཐག་འཕྲུལ། ཕ་ཀི་སི་ཐན་གྱི་དར་གསོའི་འགྲེམ་སྟོན། ཧྥན་ལན་གྱི་བྱིས་པའི་བརྗོད་དོན་གཙོ་བོའི་རོལ་རྩེད་གླིང་སོགས་ཐོན་རྫས་དང་ཞབས་ཞུ་འདྲ་མིན་སྣ་ཚོགས་ཀྱིས་འོད་སྣང་བཀྲ་བའི་ཀྲུང་གོའི་སྒོ་དབྱེའི་དཔེ་རིས་ཤིག་བྲིས་ཡོད་པ་རེད།

བསྒྱུར་བཅོས་སྒོ་དབྱེ་བྱས་པའི་ལོ་ངོ་༤༠ཡིས་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཨ་རི་དང་ཡོ་རོབ། ལྗར་པན་སོགས་དར་རྒྱས་ཆེ་བའི་རྒྱལ་ཁབ་ལ་ཕྱོགས་པ་ནས་ཨ་ཤེ་ཡ་དང་ཨ་ཧྥེ་རི་ཁ། ལ་ཏིང་ཨ་མེ་རི་ཁ་སོགས་གསར་དར་ཁྲོམ་ར་སྒོ་འབྱེད་བྱེད་པའི་བར་དང་། འཛམ་གླིང་རྒྱལ་ཁབ་ཁག་ལ་འཚོང་བ་ནས་འཛམ་གླིང་རྒྱལ་ཁབ་ཁག་ནས་ཉོ་བའི་བར། ནུབ་ཕྱོགས་ལ་སློབ་སྦྱོང་བྱེད་པ་ནས་རྒྱལ་ཁབ་གཞན་དག་གིས་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་བའི་བར། རྒྱལ་སྤྱིའི་མ་ལག་གི་ཟུར་ནས་བལྟ་མཁན་ཞིག་ནས་རྒྱལ་སྤྱིའི་མ་ལག་ཁྲོད་ཐེ་ཞུགས་བྱེད་མཁན་དང་འཛུགས་སྐྲུན་བྱེད་མཁན་བར། ཀྲུང་གོས་འཛམ་གླིང་དང་འབྲེལ་གཏུག་དང་ཕན་ཚུན་སྤེལ་རེས་བྱ་རྒྱུ་དེ་བས་གཏིང་ཟབ་པ་དང་ཞིབ་ཚགས་སུ་ཕྱིན་ཡོད་པ་རེད།

ལོ་རྒྱུས་ཀྱི་མིག་རྒྱང་ཐོག་ནས་བལྟས་ཚེ། ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེའི་ལོ་ངོ་༤༠ནི་ལོ་བརྒྱ་ལྷག་གི་རིང་ཀྲུང་གོས་འཛམ་གླིང་བར་སྤེལ་རེས་བྱེད་པའི་ངོ་མཚར་ཆེ་ཤོས་ཀྱི་ལེའུ་ཞིག་ཡིན་པ་རེད། དེས་ཀྲུང་གོ་དེ་འཛམ་གླིང་གི་དཔལ་འབྱོར་མ་ལག་ཆེན་པོ་ཨང་གཉིས་པ་ཡིན་པའི་གནས་བབ་བྱུང་ཡོད་པ་མ་ཟད། དེ་བས་ཀྱང་འཛམ་གླིང་གི་ཞི་བདེ་གོང་འཕེལ་ལ་གལ་འགངས་ཤིན་ཏུ་ཆེ་བའི་སྟོབས་ཤུགས་ཤིག་ཆགས་པ་བྱས་ཡོད། ལེགས་གྲུབ་ལྡན་པའི་ལོ་རྒྱུས་ཀྱི་འཕེལ་རིམ་དེར་ཕྱིར་དྲན་བྱེད་སྐབས། ཁག་གསུམ་གྱི་ཐད་གལ་ཆེའི་བློ་སྒོ་འབྱེད་ཡོད།

དེ་ཡང་། བློ་འབྱེད་དང་པོ་ནི་མཉམ་འདྲེས་ཞེས་པ་དེ་ཡིན། ཀྲུང་གོའི་སྒོ་དབྱེའི་འཕེལ་རིམ་ཁྲོད་ཀྱི་བློ་འབྱེད་དང་ཀྲུང་གོས་ནུབ་ཕྱོགས་རྒྱལ་ཁབ་བར་གྱི་འབྲེལ་བ་ལེགས་བཅོས་གཏོང་བའི་བར་དུས་མཉམ་བྱུང་བ་དེ་སྟེས་དབང་མ་ཡིན། ང་ཚོས་སྒོ་ཆེན་ཕྱེས་ནས། ནུབ་ཕྱོགས་ཀྱི་མ་དངུལ་དང་ལག་རྩལ། དོ་དམ་བཅས་ནང་འདྲེན་བྱེད་པ་དང་། ང་ཚོ་རང་ཉིད་ཀྱང་རྒྱལ་ནང་ནས་ཕྱིར་ཐོན་ཏེ། རྟོག་ཞིབ་ཚོགས་ཁག་རེ་རེ་དང་། ཕྱིར་སྡོད་སློབ་མ་ཁག་རེ་རེས་འཛམ་གླིང་ཐོག་གི་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་གོང་འཕེལ། དེ་བཞིན་ཚན་རིག་ཡར་རྒྱས་བཅས་ཀྱི་སྔོན་ཐོན་གྱི་འདུ་ཤེས་རྒྱལ་ནང་ལ་ཚུར་ཁྱེར་ཡོང་ཡོད། སློབ་སྦྱོང་དང་། དཔྱད་གཞིར་འཛིན་པ། བསྡུ་ལེན། གསར་གཏོད་བཅས་ཀྲུང་གོས་ཚོར་སྣང་རྐྱེན་པ་དང་སློབ་གཉེར་ལ་བརྩོན་པའི་རྣམ་འགྱུར་དང་། དུས་ཚོད་ཀྱིས་འགུག་མི་སྡོད་པའི་བསམ་བློའི་ཁྱེར་ཕྱོགས་ཀྱིས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་རླབས་རྒྱུན་དྲག་པོའི་ཁྲོད་བསྐྱོད་ནས། སྲ་ཞིང་བརྟན་པའི་དུས་རབས་ཀྱི་གོམ་སྟབས་ཟམ་མི་ཆད་པར་སྤོས་ཡོད་པ་རེད།

ཐོབ་པར་དཀའ་བ་ཞིག་ནི། འཛམ་གླིང་དང་མཉམ་འདྲེས་སྤེལ་རེས་བྱེད་པའི་ཁྲོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་རང་ངོས་གོང་འཕེལ་གྱི་འགྲོ་ལམ་དང་རིག་གནས་སྲོལ་རྒྱུན་གྱི་ཁེར་ཚུགས་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། མི་མང་པོ་ཞིག་གིས་རང་མོས་རིང་ལུགས་གསར་པའི་ཚོད་ལྟ་དེ་ཡོ་རོབ་ཤར་མ་དང་ལ་ཏིང་ཨ་མེ་རི་ཁ། དེ་བཞིན་ཨ་ཧྥེ་རི་ཁ་གླིང་བཅས་སུ་འགོག་རྐྱེན་འཕྲད་པ་དང་ཕམ་ཉེས་བྱུང་ཡང་ཀྲུང་གོའི་བསྒྱུར་བཅོས་སྒོ་དབྱེ་ལེགས་གྲུབ་བྱུང་བའི་རྒྱུ་རྐྱེན་ལ་འཚོལ་ཞིབ་བྱེད་བཞིན་ཡོད། དེ་ཡང་ཨུ་རུ་སུའི་མཐོ་རིམ་དཔལ་འབྱོར་སློབ་གླིང་ཤར་ཕྱོགས་རིག་པའི་སློབ་ཁྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཨ་ལེ་ཁེ་ཤེད་ མ་སི་ལོ་ཧྥུས་གསུངས་པ་ལྟར། ཀྲུང་གོས་ནུབ་ཕྱོགས་ནས་རང་ཉིད་ལ་ཕན་པ་ཡོད་པའི་བྱ་དངོས་ཡོད་ཚད་དཔྱད་གཞིར་འཛིན་པ་དང་ཆབས་ཅིག དཔལ་འབྱོར་ཐད་ཀྱི་ཁེར་ཚུགས་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་བས་རང་ཉིད་ཀྱི་ཤུལ་བཞག་བློས་གཏོང་བྱས་མེད་པར་དེ་ཉིད་དར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་པ་རེད།

བློ་འབྱེད་གཉིས་པ་ནི་ཏིང་འཛིན་གྱི་སྟོབས་ཤུགས་ཡིན། ཀྲུང་གོས་ཕྱི་ཕྱོགས་སྒོ་དབྱེ་བྱས་པའི་ལོ་ངོ་༤༠ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་བ་མེད་པ་མིན། ཀྲུང་གོ་དང་ཕྱི་ཕྱོགས་ཀྱི་འཛམ་གླིང་འབྲེལ་བ་ཡང་རྦད་དེ་བདེ་བླག་བྱུང་མེད། འོན་ཀྱང་། འཇམ་འཐབ་མཇུག་སྒྲིལ་བ་དང་དགུ་པའི་ཚེས་༡༡གི་དོན་ཆེན་གཉིས་ཀྱི་གཡོ་འགུལ་ཐེབས་པ་དང་། ཨ་ཤེ་ཡ་གླིང་གི་དངུལ་རྩའི་ཉམས་ཉེན་དང་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་གྱི་ཉམས་ཉེན་ཆེན་པོ་གཉིས་ཀྱི་ཚོད་བགམ་ཐེབས་ཡོད་ཀྱང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་གོང་འཕེལ་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན་པའི་བརྡར་གཅོད་རྒྱུན་འཁྱོངས་བྱས་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་རང་བཙན་རང་བདག་གི་ཞི་བའི་ཕྱི་འབྲེལ་སྲིད་ཇུས་རྒྱུན་འཁྱོངས་བྱས་པ། ཐོག་མཐའ་བར་གསུམ་དུ་བསྒྱུར་བཅོས་སྒོ་དབྱེའི་ལྡོག་མེད་ཀྱི་ལམ་བུ་དེར་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱས་ཡོད་པ་རེད།

མིག་སྔར། འཛམ་གླིང་གི་ཆབ་སྲིད་ཁྲོད་དམངས་འདོད་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ལྡོག་ཕྱོགས་ཀྱི་འཕེལ་ཕྱོགས་ཐོན་བཞིན་ཡོད་པ་དང་། ཨ་རིས་ཁྱབ་ཁོངས་ཆེན་མོའི་ནང་སློང་བའི་དཔལ་འབྱོར་ཉོ་ཚོང་གི་འགལ་ཟླས་མི་སེམས་ལ་བསུན་པོ་བཟོས་ཀྱང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྔོན་གཏན་འཁེལ་བའི་འགྲོས་ལ་གཞིགས་ཏེ་བསྒྱུར་བཅོས་སྒོ་དབྱེའི་བྱ་གཞག་ལ་སྐུལ་འདེད་གཏོང་གི་ཡོད་པ་དང་། ཐོག་མཐའ་བར་གསུམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གི་དར་ཆ་མཐོན་པོར་སྒྲེང་ནས། འཛམ་གླིང་གི་གོང་འཕེལ་དང་མཉམ་ལས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་འགྲེམས་ཚོགས་གཉེར་བ་དེས་གཅིག་ནས་ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་ཆོད་སེམས་མངོན་ཡོད་ལ། གཉིས་ནས་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་ལ་རྒྱལ་སྤྱིའི་ཉོ་ཚོང་མཉམ་ལས་ཀྱི་སྟེགས་བུ་བསྐྲུན་པའི་ཀུན་སློང་བཟང་པོ་ཡང་མངོན་ཡོད། དེ་ནི་ཀྲུང་གོས་སྒོ་དབྱེའི་མཉམ་ལས་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པའི་གསོན་ཉམས་ལྡན་པའི་དཔེ་བརྗོད་ཅིག་ཡིན་པ་རེད།

བློ་འབྱེད་ཁག་གསུམ་པ་ནི་འགན་ཁུར་བ་ཞེས་པ་དེ་ཡིན། ཧྥ་རན་སིའི་གྲགས་ཅན་རྒྱ་རིག་པ་མཁས་ཅན་ཀའོ་ཏ་ཝེ་ཡིས་དེ་སྔོན། སྒོ་དབྱེ་བྱས་པ་དེས་ཀྲུང་གོས་འཛམ་གླིང་ལ་རྒྱུས་ལོན་བྱེད་ཐུབ་པ་མ་ཟད། ཀྲུང་གོས་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུད་རིམ་ཞིག་ཀྱང་ཡིན་ཞེས་གསུངས་མྱོང་ཡོད། གཞི་ཁྱོན་ཇེ་ཆེར་ཕྱིན་པ་དང་འབོར་ཚད་ཇེ་མང་དུ་འགྲོ་བ་དང་བསྟུན་ནས། ཀྲུང་གོས་དེ་བས་དགེ་མཚན་ལྡན་པའི་རྣམ་འགྱུར་གྱི་ཐོག་ནས་རྒྱལ་སྤྱིའི་བར་སྐད་ཆ་ཤོད་རེས་དང་མཉམ་ལས་བྱེད་ཀྱི་ཡོད་པ་དང་། དེ་བས་གཞུང་དྲང་དང་ལུགས་མཐུན་གྱི་རྒྱལ་སྤྱིའི་སྒྲིག་ལམ་གསར་པ་ཞིག་འཛུགས་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད་པ་མ་ཟད་འཛམ་གླིང་ལ་རྒྱུད་གཅིག་ལམ་གཅིག་དང་ཨ་ཤེ་ཡ་མ་འཇོག་དངུལ་ཁང་སོགས་སྤྱི་པའི་ཐོན་རྫས་རབ་དང་རིམ་པ་ལེགས་སྐྱེས་ཕུལ་ཡོད་པ་རེད།

ལོ་རྒྱུས་མདུན་སྐྱོད་ཀྱི་གཏན་ཚིགས་ཁྲོད་དུ་མདུན་དུ་སྐྱོད་པ་དང་། དུས་རབས་གོང་འཕེལ་གྱི་རླབས་རྒྱུན་ཁྲོད་གོང་འཕེལ་གཏོང་བཞིན་ཡོད། ནང་འདྲེན་དངོས་མང་འགྲེམས་ཚོགས་འཚོགས་འགོ་ཚུགས་པ་དང་བསྟུན་ནས། དུས་རབས་གསར་པར་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བར་ངོ་མཚར་ཆེ་བའི་ལེའུ་གསར་པ་ཞིག་གཏོད་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།