ཁ་རོ་ཏེ་ཡ་ཡི་ཙུང་ལི་ཡིས། ཀྲུང་གོ་དང་དཔལ་འབྱོར་ཉོ་ཚོང་ཐད་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-11-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། གདན་ཞུས་ལྟར་ནང་འདྲེན་དངོས་མང་འགྲེམས་ཚོགས་ནང་ཞུགས་པའི་ཁ་རོ་ཏེ་ཡའི་ཙུང་ལི་ཏེ་ལེ་ཕུ་ལེན་ཁུ་ཝེ་ཆི་ཡིས་ཉིན་ཤས་གོང་ལ། ནང་འདྲེན་དངོས་མང་འགྲེམས་ཚོགས་ནི་དུས་རབས་གསར་བའི་ཀྲུང་གོར་རྒྱུས་ལོན་བྱེད་པའི་སྐར་ཁུང་ལྟ་བུ་ཡིན་ལ། དཔལ་འབྱོར་ཉོ་ཚོང་ཐད་མཉམ་ལས་བྱ་རྒྱུ་འཚོལ་སྙེག་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཀྱང་ཡིན་ཞེས་བསྟན་གནང་ཡོད་པ་རེད།

གྲངས་གཞི་ལས་མངོན་པར། སྤྱི་ལོ་༢༠༡༧ལོར། ཀྲུང་གོ་དང་ཁ་རོ་ཏེ་ཡ་ཡི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཁྱོན་བསྡོམས་མི་དམངས་ཤོག་སྒོར་དུང་ཕྱུར་༦༣ཙམ་ཟིན་པ་དང་། དེ་དུས་མཚུངས་དང་བསྡུར་ན་བརྒྱ་ཆ་༢༡དང་གྲངས་ཆུང་༥འཕར་ཡོད། ཕུ་ལེན་ཁུ་ཝེ་ཆི་ཡིས། ཁ་རོ་ཏེ་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ལ་དཔལ་འབྱོར་ཉོ་ཚོང་ཐད་དུ་ད་དུང་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཕུ་ལེན་ཁུ་ཝེ་ཆི་ཡིས། ད་ལྟ། ཁ་རོ་ཏེ་ཡ་དང་ཀྲུང་གོ་ཡི་ལོའི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་༡༠ཙམ་ཟིན་གྱི་ཡོད་པ་དང་། ང་ཚོས་ཀྲུང་གོ་ནས་ནང་འདྲེན་བྱེད་པའི་དངུལ་གྲངས་དེ་ཕྱིར་གཏོང་གི་དངུལ་གྲངས་ལས་ཅུང་མང་བ་ཡོད་མོད། འོན་ཀྱང་ང་ཚོའི་ཉོ་ཚོང་གི་འཕེལ་ཕྱོགས་ནི་དགེ་མཚན་ལྡན་པ་དང་། རིམ་བཞིན་འཕར་སྣོན་འབྱུང་བཞིན་པ་ཞིག་ཡིན། ཁ་རོ་ཏེ་ཡ་ཡི་ཁེ་ལས་དང་ལྷག་པར་དུ་ཟས་རིགས་ལས་རིགས་ཀྱིས། ཀྲུང་གོའི་ཁྲོམ་ར་ནས་ཚོང་ཟོག་མངག་ཐོ་ཐོབ་རྒྱུ་འཚོལ་སྙེག་བྱེད་བཞིན་ཡོད་པ་དང་། ང་ཚོར་ནང་འདྲེན་དངོས་མང་འགྲེམས་ཚོགས་ཀྱི་སྟེང་ནས་རང་ཉིད་མང་ཙམ་ངོམས་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་འཚོ།