ཨ་རིའི་རྒྱལ་དོན་ཁང་ནས་ཨ་ཀྲུང་འབྲེལ་བ་ཧ་ཅང་གལ་ཆེ་བས་འབད་བརྩོན་ཆེན་པོས་སྲུང་སྐྱོང་བྱ་དགོས་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2018-10-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༩ཉིན། ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་ནོར་ཐེས། ཨ་ཀྲུང་འབྲེལ་བ་ཧ་ཅང་གལ་ཆེན་པོ་ཡིན་པས། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་ཆེན་པོས་སྲུང་སྐྱོང་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ནོར་ཐེས། ཨ་ཀྲུང་བར་འགལ་ཟླ་ཡོད་མོད། རྒྱལ་ཁབ་གཉིས་པོའི་འབྲེལ་བ་༼རྙོག་འཛིང་ཆེ་ལ་རྨང་གཞི་རྒྱ་ཁྱབ་ལྡན་པ་༽ཞིག་ཡིན། ཕྱོགས་གཉིས་པོར་བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་སོགས་ཁྱབ་ཁོངས་མང་པོའི་ནང་ཐུན་མོང་གི་ཁེ་ཕན་གནས་ཡོད་ལ། ཁྱབ་ཁོངས་འགག་ཤས་ནང་ཕྱོགས་འགལ་ལམ་ཡང་ན་འགྲན་རྩོད་ཀྱང་འཕྲད་ཡོད། འོན་ཀྱང་ཕྱོགས་གཉིས་པོས་མུ་མཐུད་འབད་བརྩོན་བྱས་ནས། གནད་དོན་དེ་དག་ཐག་གཅོད་བྱ་དགོས་ཞེས་གསུངས་ཡོད་པ་རེད།

རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་ནས་ཉེ་ཆར་ཕེང་ཕེ་ཨའོ་དང་མཇལ་མོལ་གནང་སྐབས། ཨ་རིའི་ཕྱོགས་ནས་ཀྲུང་གོའི་གོང་འཕེལ་འགྲོ་ཕྱོགས་ལ་ལྟ་སྟངས་དང་ངོས་འཛིན་ཡང་དག་པ་འཛིན་དགོས་པ་དང་། ཀྲུང་གོར་བསྙོན་མེད་སྐྱོན་འཛུགས་བྱེད་པ་དང་ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་བཟོ་བའི་བྱེད་སྟངས་མཚམས་འཇོག་བྱ་དགོས་ཞེས་གསུངས་པ་དང་། ཕེང་ཕེ་ཨའོ་ནས། ཨ་ཀྲུང་བར་གནད་དོན་མང་པོའི་ཐད་ཕྱོགས་འགལ་མངོན་གསལ་དོད་པོ་ཡོད་རུང་། ཨ་རིས་ཀྲུང་གོ་གོང་འཕེལ་འགྲོ་བར་ངོ་རྒོལ་བྱེད་ཀྱི་མེད་ལ། ཁྱོན་ཡོངས་ནས་ཀྲུང་གོར་ཚོད་འཛིན་བྱེད་པའི་སྲིད་ཇུས་ཀྱང་མེད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་ཚེ་རིང་།