ཐེ་རོན་ཕུས་ཨ་རི་དང་བྱང་ཁོ་རི་ཡའི་འགོ་ཁྲིད་པའི་ཐུགས་འཕྲད་ཐེངས་གཉིས་པ་དེ་ཨ་རིའི་དུས་དཀྱིལ་འདེམས་བསྐོའི་རྗེས་བྱེད་རྒྱུ་རེད་ཅེས་བསྟན།
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༩ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཁོང་དང་བྱང་ཁོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིང་ཀྲེང་ཨེན་གྱི་ཐུགས་འཕྲད་ཐེངས་གཉིས་པ་དེ་སྤྱི་ཟླ་༡༡ཚེས་༦ཉིན་གྱི་ཨ་རིའི་དུས་དཀྱིལ་འདེམས་བསྐོའི་རྗེས་སུ་བྱ་རྒྱུ་རེད་ཅེས་བསྟན་འདུག

ཐེ་རོན་ཕུས་ཉིན་དེ་རང་ལ་ཨེ་ཨའོ་ཝ་མངའ་སྡེར་འདུ་འཛོམས་བྱེད་སྒོར་ཞུགས་རྒྱུའི་ལམ་བར་དུ་སྨྱན་སྦྱོར་ཚན་པར། ཁོང་དང་ཅིང་ཀྲེང་ཨེན་གྱི་ཐུགས་འཕྲད་ཐེངས་གཉིས་པ་དེ་ཨ་རིའི་དུས་དཀྱིལ་འདེམས་བསྐོའི་རྗེས་སུ་བྱ་རྒྱུ་དང་རང་ཉིད་ད་ལྟ་འདེམས་བསྐོའི་བྱ་དོན་ནང་འབྲེལ་འཚུབ་ཀྱི་ཁེངས་ནས་ཕྱི་ལ་འགྲོ་ཐབས་བྲལ་འདུག་ཅེས་བཤད་ཡོད་པ་རེད།

ཉིན་དེ་རང་གི་སྔ་དྲོ། ཐེ་རོན་ཕུས་ཕོ་བྲང་དཀར་པོར་སྨྱན་སྦྱོར་ཚན་པར། རྒྱལ་དོན་བློན་ཆེན་ཕེང་ཕེའི་ཨའོ་ཡིས་བྱང་ཁོ་རི་ཡར་འཚམས་འདྲི་ཞུ་རིང་ཅིང་ཀྲེང་ཨེན་དང་མཇལ་མོལ་གནང་བ་ཧ་ཅང་ཡག་པོ་བྱུང་ཞིང་ཨ་རི་དང་བྱང་ཁོ་རི་ཡས་ཐུགས་འཕྲད་ཀྱི་འཆར་གཞི་འདིང་བཞིན་ཡོད་པ་དང་མིག་སྔར་འདེམས་བསྐོའི་གྲ་སྒྲིག་ས་ཆ་ཁག་གསུམ་ནས་བཞི་བར་ཡོད། ཡིན་ནའང་ཐུགས་འཕྲད་སླར་ཡང་སིང་ཀ་ཕོར་བྱེད་བཟོ་མེད་ཅེས་གསུངས་འདུག

ཕེང་ཕེའི་ཨའོ་ཡིས་དེ་རྗེས་ལའང་སྨྱན་སྦྱོར་ཚན་པར། རང་ཉིད་ནས་ད་རེས་བྱང་ཁོ་རི་ཡར་འཚམས་འདྲི་ཞུས་པར་གྲུབ་འབྲས་དངོས་ཐོབ་ཡོད། ཕྱོགས་གཉིས་པོའི་བར་ད་དུང་ལས་དོན་བྱེད་རྒྱུ་མང་པོ་ཡོད་རུང་བྱང་ཁོ་རི་ཡས་ཁྱོན་ཡོངས་ནས་རྡུལ་ཉིང་དོར་རྒྱུའི་ལམ་བུ་མཐོང་ཐུབ་ཀྱི་ཡོད་ཅེས་གསུངས་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།