ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་ལངས་ནས་ལོ་ངོ་༡༧སོང་ཟིན་ཡོད། ཨ་རིས་དུས་ནམ་ཞིག་དམག་མཚམས་འཇོག་གམ
སྤེལ་བའི་དུས་ཚོད། : 2018-10-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ལོ་༢༠༠༡ལོའི་ཟླ་༡༠པའི་ཚེས་༧ཉིན། ༩.༡༡འཇབ་རྒོལ་དོན་རྐྱེན་བྱུང་ནས་ཟླ་གཅིག་མ་འགོར་བར། ཨ་རིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་ཁ་གཡར་དེ་ཨ་ཧྥུ་ཀ་ནི་སི་ཐན་དུ་བཙན་འཛུལ་བྱས་ནས་ད་བར་ལོ་༡༧སོང་ཡོད་པ་རེད།

ལོ་༡༧ཡི་རིང་ལ། དམག་འཁྲུག་ནང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སེར་ཁྲི་གསུམ་ཡན་གྲོངས་པ་དང་། ཆག་ས་བརྟེན་ས་མེད་པར་འགྱུར་བའི་མི་གྲངས་བགྲང་ལས་འདས་པ་ཡོད། ཧྥ་རན་སི་གསར་འགྱུར་ཁང་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ལ་ལོ་༡༧རིང་འགྱུར་ལྡོག་ཆེན་པོ་བྱུང་མེད། ཐ་ལི་པན་གྱི་སྟོབས་ཤུགས་སྔར་བཞིན་ཆེ་བ་དང་། ཞི་བདེའི་འཕེལ་རིམ་ལ་འགག་གཏོར་གང་ཡང་བྱུང་མེད་ཅེས་གདེང་འཇོག་བྱས་ཡོད་པ་རེད།

ཨ་རིའི་དམག་མི་༢༣༠༠ཙམ་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་ཁྲོད་ཚེ་སྲོག་ཤོར་བ་དང་། དམག་འཁྲུག་ནང་ཐད་ཀར་མ་དངུལ་ཨ་སྒོར་དུང་ཕྱུར་༩༠༠༠ཟད་གྲོན་བྱུང་ཡོད་པ་དང་། གཞན་བརྒྱུད་ཀྱི་གཏོང་སྒོ་ཡང་ཨ་སྒོར་དུང་ཕྱུར་ཁྲི་༢ཟིན་ཡོད་པ་རེད། མིག་སྔར། ཨ་རིའི་དམག་མི་ཆིག་ཁྲི་བཞི་སྟོང་སྔར་བཞིན་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་བྱས་ཡོད་ལ། ཨ་རིའི་དམག་མི་ཕྱིར་འཐེན་བྱེད་པར་ད་དུང་ཡུན་རིང་པོ་འགོར་རྒྱུ་ཡིན་པ་རེད།

ཉེ་བའི་ལོ་ཤས་ཀྱི་དམངས་འདོད་བརྟག་དཔྱད་ལས་མངོན་པར། ཨ་རིའི་མང་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་དམག་འཁྲུག་ནི་ཕམ་ཁ་ཞིག་ཡིན་པ་ཡོངས་ཁྱབ་ཏུ་ངོས་འཛིན་བྱས་ཡོད། དཔེར་ན། ཕིས་ཡོག་ཀུང་ཟི་ཡི་ཉེ་ལམ་དམངས་འདོད་བརྟག་དཔྱད་བྱས་འབྲས་ལས་ཨ་རི་བ་བརྒྱ་ཆ་༤༩ཡིས་དམག་འཁྲུག་དེའི་དམིགས་ཚད་མངོན་འགྱུར་མ་ཐུབ་པ་དང་། ༢༠༡༥ལོའི་དེ་དང་འདྲ་བའི་བརྟག་དཔྱད་ལས་མངོན་པའི་ནང་ཨ་རི་བ་བརྒྱ་ཆ་༥༦གིས་ཨ་ཧྥུ་ཀ་ནི་སི་ཐན་དམག་འཁྲུག་ནི་གཞི་རྩའི་ཆ་ནས་ཕམ་ཉེས་སོང་བ་ཞིག་ཡིན་པའི་ངོས་འཛིན་བྱས་ཡོད།

ལོ་༡༧ཡི་ནང་། འཛམ་གླིང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཨ་རིས་ཐོག་མར་ཨ་ཧྥུ་ཀ་ནི་སི་ཐན་དུ་བཙན་འཛུལ་བྱེད་སྐབས། ས་གནས་དེ་གར་དྲ་ཞུགས་བྱེད་པའམ་ཡང་ན་ལག་ཐོགས་ཁ་པར་བེད་སྤྱོད་བྱེད་མཁན་ཧ་ལམ་གཅིག་ཀྱང་མེད། ད་ལྟ་ཨ་ཧྥུ་ཀ་ནི་སི་ཐན་ལ་དྲ་གྲོགས་ས་ཡ་གསུམ་དང་ལྔ་འབུམ་ཡོད་པ་དང་ཐོ་འགོད་བྱས་པའི་ལག་ཐོགས་ཁ་པར་བྱེ་བ་གཉིས་དང་ས་ཡ་བཞི་ཡོད། དེ་སྔ་ཨ་རི་བ་ཡིས་ཚགས་པར་དང་བརྙན་འཕྲིན་ལ་བརྟེན་ནས་གསར་འགྱུར་རྒྱུས་ལོན་བྱེད་དགོས་ཀྱི་ཡོད་པ་དང་། ད་ལྟ་མཚོན་ན་ཐི་ཐེ་དང་། ངོ་རིས་སོགས་གསར་དར་འབྲེལ་འདྲིས་ལས་སྟེགས་ལས་གནས་ཚུལ་གསར་ཤོས་མི་ལུས་པ་ཤེས་རྟོགས་ཐུབ་ཀྱི་ཡོད།

ཟུར་ཟ་བྱས་ཡོད་པ་ནི། ཚན་རྩལ་གྱི་འཕེལ་རྒྱས་ཀྱིས་ཆ་འཕྲིན་གྱི་འགྲོ་རྒྱུག་སྟབས་ཇེ་བདེ་རུ་བཏང་ཡོད་ནའང་། ད་དུང་ཡང་མཇུག་འགྲིལ་མེད་པའི་ཨ་ཧྥུ་ཀ་ནི་སི་ཐན་དམག་འཁྲུག་དེ་ཨ་རི་བས་རིམ་བཞིན་བརྗེད་འགྲོ་བའི་གནས་སྟངས་འགོག་ཐུབ་མེད་པ་རེད།

གཅིག་བྱས་ན་མཁར་ལེན་ཡུལ་འཕྲོག་བྱེད་པའི་འདུ་ཤེས་དྲག་པོ་མེད་པའམ། ཡང་ན་དབྱི་རག་དམག་འཁྲུག་དང་སི་རི་ཡ་དམག་འཁྲུག་གིས་དོ་སྣང་བྱ་ཡུལ་ཡིད་འགུག་བྱས་པས་ཡིན་སྲིད། གང་ལྟར་ཨ་རིའི་ལོ་རྒྱུས་སྟེང་ཝེ་ཐེ་ནམ་གྱི་དམག་འཁྲུག་ཕུད་ཆེས་ཡུན་རིང་བའི་དམག་འཁྲུག་དེ་སྔ་ས་ནས་ཀུན་གྱིས་དོ་ཁུར་བྱ་ཡུལ་མིན་པར་གྱུར་ཟིན་པ་རེད།

འོན་ཀྱང་། ཨ་རིའི་རྒྱལ་སྲུང་པུའུ་ཡིས་སྔར་བཞིན་ཨ་ཧྥུ་ཀ་ནི་སི་ཐན་དམག་འཁྲུག་གི་ལོ་འཁོར་སྙན་ཞུ་ཁྱབ་བསྒྲགས་བྱེད་བཞིན་ཡོད་པ་དང་། ལོ་རེའི་རྒྱལ་སྲུང་སྔོན་རྩིས་ལའང་ཨ་སྒོར་དུང་ཕྱུར་བརྒྱ་ཕྲག་ཁ་ཤས་བཏང་བའི་དམག་འཁྲུག་གི་ཆེད་དངུལ་གཏོང་སྤྲོད་བྱེད་ཀྱིན་ཡོད་མོད། འོན་ཀྱང་རྒྱལ་སྲུང་པུའི་གསར་འགྱུར་གནད་སྡུད་ཚོགས་འདུའི་སྟེང་ཨ་རིའི་དམག་མི་འཐབ་སར་འདས་གྲོངས་སུ་འགྲོ་སྐབས་ད་གཟོད་ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་གཞི་ནས་གླེང་ཡོང་གི་ཡོད། ཐ་ན་གཟའ་འཁོར་རེའི་འཐབ་སའི་ཐད་སྦྲེལ་གྱི་གསལ་འགོད་པའི་ཚོགས་འདུར་ཞུགས་མཁན་ཡང་དབྱི་རག་དམག་འཁྲུག་གི་བཀོད་འདོམས་དཔོན་ཡང་བཀོད་སྒྲིག་བྱེད་ཀྱི་ཡོད། གང་ལགས་ཞེ་ན། ས་གནས་དེ་གར་ཐོན་པའི་གསར་འགྱུར་བྱུང་ཚེ་གཞི་ནས་ཀློག་པ་པོའི་ཡིད་དབང་འགུག་གི་ཡོད་པས་ཡིན།

ཨ་རིའི་འཚོལ་བཤེར་དྲ་ཚིགས་དང་སྤྱི་ཚོགས་འབྲེལ་གཏུག་སྨྱན་སྦྱོར་སོགས་སུ་བརྡ་ཆད་གཙོ་བོ་ཨ་ཧྥུ་ཀ་ནི་སི་ཐན་ཞེས་པའི་འཚོལ་ཐེངས་ལོ་རེ་བཞིན་ཇེ་ཉུང་དུ་འགྲོ་གི་ཡོད། མང་ཚོགས་དང་འདྲ་བར་སྤྲོ་སེམས་མེད་པའི་རྣམ་པ་དེ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་ཡི་ཐུའེ་ཐེའི་སྟེང་དུའང་མངོན་ཡོད་དེ། ཁོང་གིས་ཙུང་ཐུང་གི་འགན་ཁུར་བ་ནས་བཟུང་ཐུའེ་ཐེ་སྟོང་ལྷག་སྤེལ་བའི་ཁྲོད་དུའང་ཨ་ཧྥུ་ཀ་ནི་སི་ཐན་ཞེས་པ་ཐེངས་ལྔ་མ་གཏོགས་གླེང་མེད་པ་རེད།

ཨ་རིའི་གསར་འགྱུར་ཚན་པས་བརྗེད་འགྲོ་བ་ནི་སྐྲག་སྣང་སྐྱེ་དགོས་པ་ཞིག་ཡིན་ཞེས་བསྟན་ཡོད། ཨ་རིར་དམག་འཁྲུག་དང་ཞི་བདེའི་དུས་སྐབས་དབྱེ་མཚམས་མི་གསལ་བར་གྱུར་པ་དང་། དམག་འཁྲུག་གི་ཆེད་དུ་རྒྱལ་ཁབ་ཡོངས་ལ་སྐུལ་སློང་བྱེད་མི་དགོས་པར་སྲིད་གཞུང་གིས་དུས་ལྟར་མ་དངུལ་གཏོང་སྤྲོད་བྱས་ན་ཆོག་གི་ཡོད། མྱོང་ཚོར་དངོས་མེད་པའི་ཨ་རིའི་མང་ཚོགས་རྣམས་ནས་རང་ཉིད་སྔར་བཞིན་དམག་འཁྲུག་གི་ཆེད་དུ་དངུལ་དང་ནུས་ཤུགས་འདོན་གྱི་ཡོད་པ་སྔ་ས་ནས་བརྗེད་ཟིན་ལ། ཐ་ན་མི་སྣ་ཤི་རྨས་བྱུང་ནའང་རང་ཉིད་ལ་ཚོར་བ་ཡོང་གི་མེད་པ་རེད།

ལྟ་སྐུལ་བྱེད་མཁན་གྱི་སྤྱི་དམངས་མེད་ན། དམག་འཁྲུག་ཁྲོད་ནས་ཁེ་ཕན་རག་ཐུབ་པའི་མི་ཡིས་དམག་འཁྲུག་མུ་མཐུད་དུ་རྒྱག་རྒྱུར་དགའ་མགུ་བྱེད་སྲིད་མོད། འོན་ཀྱང་ངོ་རྒོལ་བྱེད་མཁན་ནས་ཀྱང་ཆབ་སྲིད་ཀྱི་མཇུག་འབྲས་ལ་སེམས་ཁྲལ་བྱས་ཏེ་རང་ཉིད་ཕྱིར་དོན་འདོད་བྱེད་ཀྱི་མེད་པ་རེད།

ཐེ་རོན་ཕུ་ཡིས་སྤྱི་ལོ་༢༠༡༧ལོར་མུ་མཐུད་ཨ་ཧྥུ་ཀ་ནི་སི་ཐན་དུ་དམག་དཔུང་བཅའ་སྡོད་བྱེད་པར་དག་འབུད་བྱེད་པའི་སྐབས། བྲེལ་འཚུབ་ངང་ཕྱིར་འཐེན་བྱས་ན་ཡུལ་ལུང་དབང་འཛིན་བྱེད་མཁན་མེད་པར་འགྱུར་ནས་འཇིགས་སྐུལ་པས་མགྱོགས་མྱུར་སྒོ་ནས་སྟོང་ཆ་སྐོང་ངེས་ཡིན་ཞེས་བཤད་ཡོད། ཁོང་གིས་ཕྱིར་འཐེན་མི་བྱེད་པའི་ཁ་གཡར་ས་བཤད་པ་ལས། ཕྱིར་འཐེན་གྱི་ཚད་གཞི་གསལ་པོ་བཤད་མེད། དོན་དམ་ཇི་ལྟར་བྱེད་ན་ད་གཟོད་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ཡིན་ནམ། པུའུ་ཧྲི་ཆུང་བའི་སྲིད་གཞུང་ནས་བཟུང་ཨའོ་པ་མ་སྲིད་གཞུང་དང་དེ་ནས་ཐེ་རོན་ཕུ་སྲིད་གཞུང་བར་དུ་བཤད་ཐུབ་མཁན་གཅིག་ཀྱང་མེད་པ་རེད།

སྤྱི་ལོ་༢༠༡༡ལོར་བོན་ལ་ཏེན་བསད་རྗེས། མི་ལ་ལས་ཨ་རིའི་སྲིད་གཞུང་ནས་དོན་འགྲུབ་སྐབས་ཕྱིར་འཐེན་བྱས་པ་བཟང་ཞེས་པའི་བསམ་འཆར་བཏོན་མོད། འོན་ཀྱང་དང་ལེན་བྱས་མེད། ད་ལྟ། ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་འཕེལ་མེད་རང་སོར་ལུས་ཡོད་ལ། ཨ་རི་དེ་བས་ཅི་བྱ་རྟོལ་མེད་ཀྱི་གནས་སུ་གྱར་ཡོད།

ད་ལོའི་སྤྱི་ཟླ་༧པར། ཨ་རིས་དེ་སྔའི་རྣམ་འགྱུར་ལ་འགྱུར་བ་བཏང་སྟེ། ཡོངས་བསྒྲགས་སུ་ཐ་ལི་པན་དང་སྐད་ཆ་ཤོད་རེས་ཐུབ་པའི་རེ་བ་བཏོན་པ་དང་། དེ་ནི་འོས་མེད་འགྲིག་ཐབས་ཀྱི་བྱ་སྤྱོད་ཅིག་ལ་རྩིས་ཡོད། གཅིག་བྱས་ན། ད་དུང་ཡང་ལོ་བཅུ་བདུན་སོང་རྗེས་ཨ་རི་ཡིད་ཐང་ཆད་ནས་ཐབས་ཟད་འུ་ཐུག་གི་གནས་སུ་མི་གྱར་རམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། བཀྲ་ཤིས་རྣམ་རྒྱལ་དང་། ཚེ་བརྟག་རྡོ་རྗེ། རིན་ཆེན་འཚོ།