ཨེ་ཤ་ཡ་བྱང་ཤར་གི་དཔལ་འབྱོར་ཁུལ་བསྐྲུན་ནས་ཀྲུང་གོའི་སྒུལ་ནུས་གསར་པ་སྦྱིན་པ།
སྤེལ་བའི་དུས་ཚོད། : 2018-09-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཚེས་12ཉིན་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླིང་སྟེགས་ཐོག་བཏོན་པའི་འགོ་བརྗོད་དུ་རྒྱང་ཤར་གོང་འཕེལ་གྱི་གོ་སྐབས་གསར་པ་མཉམ་སྤྱོད་བྱས་ནས་ཨེ་ཤ་ཡའི་བྱང་ཤར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་ཞིག་གཏོད་ཞེས་འཁོད་པའི་ཤེས་ཚིག་ནང་། རྣམ་པ་གསར་པའི་འོག་ས་ཁུལ་ཞི་བདེ་བརྟན་ལྷིང་དང་གོང་འཕེལ་དར་རྒྱས་ཐད་རང་ཉིད་ཀྱི་ལྟ་སྟངས་ཁག་བཞི་བཏོན་ཡོད་ཅིང་།། ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་དགོས་པ་དང་། མཉམ་ལས་གཏིང་ཟབ་བྱེད་པ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་ཞིབ་བྱེད་པ། རྒྱང་རིང་ལ་ཕྱོགས་པ་བཅས་རེད། དེས་ཨེ་ཤ་ཡའི་བྱང་ཤར་གི་དཔལ་འབྱོར་ཁུལ་བསྐྲུན་རྒྱུ་དང་། ས་ཁུལ་དེ་གའི་སྣེ་མང་ཅན་དང་རྒྱུན་མཐུད་གོང་འཕེལ་གྱི་འཆར་འགོད་སྐུལ་འདེད་གཏོང་རྒྱུར་འཆར་འགོད་བཏིང་ནས་སྒུལ་ཤུགས་གསར་པ་སྦྱིན་ཡོད་ཅེས་བཏོན་ཡོད་པ་རེད།

ཨེ་ཤ་ཡའི་བྱང་ཤར་ས་ཁུལ་ནང་། ཀྲུང་གོ་དང་། ཨུ་རུ་སུ། མོང་གོལ། ལྷོ་ཁོ་རེ་ཡ། བྱང་ཁོ་རེ་ཡ། འཇར་པན་བཅས་རྒྱལ་ཁབ་དྲུག་ཚུད་ཡོད་པ་དང་། སྤྱིའི་མི་འབོར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆ་23ཟིན་པ། དཔལ་འབྱོར་སྤྱི་འབོར་འཛམ་གླིང་ཡོངས་ཀྱི་བརྒྱ་ཆ་19ཟིན་པ་བཅས་རེད། སྤྱི་ལོ་2015ལོའི་ཤར་ཕྱོགས་དཔལ་འབྱོར་གླིང་སྟེགས་དབུ་བརྙེས་ནས་ཨེ་ཤ་ཡ་བྱང་ཤར་ས་ཁུལ་གྱི་མཉམ་ལས་ལ་སྟེགས་བུ་གསར་པ་ཞིག་གཏོད་ཡོད། མིག་སྔར། ཨེ་ཤ་ཡའི་བྱང་ཤར་ཁུལ་ནི་འཛམ་གླིང་ཐོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་དང་། དཔལ་འབྱོར་འཕར་སྣོན་འགྲོ་ཚད་མགྱོགས་ཤོས་ཀྱི་ས་ཁུལ་གྲས་ཤིག་ཆགས་ཡོད།

ཡིན་ནའང། ཕྱོགས་རྐྱང་པའི་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས་ཐོན་པ་དེས་ཨེ་ཤ་ཡའི་བྱང་ཤར་ས་ཁུལ་གྱི་མཉམ་ལས་གཏིང་ཟབ་བྱ་རྒྱུར་ཕྱི་ཕྱོགས་ཀྱི་འགོག་རྐྱེན་བཟོས་ཡོད། རྣམ་པ་དེ་འདྲའི་འོག ས་ཁོངས་ནང་གི་བསམ་བློའི་ངོས་འཛིན་གཅིག་གྱུར་བྱ་རྒྱུ་དང་། སྒོ་དབྱེ་ཅན་གྱི་ས་ཁོངས་དཔལ་འབྱོར་འཛུགས་བསྐྲུན་བྱ་རྒྱུ། མང་ཚོགས་ཀྱི་ཁེ་ཕན་གོང་མཐོར་གཏོང་རྒྱུ་བཅས་ནི་ས་ཁུལ་དེའི་རྒྱལ་ཁབ་ཁག་གི་ཐུན་མོང་གི་རེ་འདུན་ལ་གྱུར་ཡོད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ནང་། འབད་བརྩོན་ཆེན་པོས་ཨེ་ཤ་ཡའི་བྱང་ཤར་དཔལ་འབྱོར་ཁུལ་གྱི་ཐུན་མོང་གི་དམིགས་འབེན་གཏོད་དགོས་ཞེས་བཏོན་ཡོད། དོན་དངོས་ཐོག ཨེ་ཤ་ཡའི་དཔལ་འབྱོར་ཁུལ་བསྐྲུན་པར་སྲ་ཞིང་བརྟན་པའི་རྨང་གཞི་ཡོད་། ཐོག་མར་ཨེ་ཤ་ཡའི་བྱང་ཤར་ཁུལ་དུ་རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ། ཨུ་རུ་སུའི་རྒྱང་ཤར་ས་ཁུལ་ལ་དེ་བས་འཛམ་གླིང་ཡོངས་སུ་སྔོག་འདོན་གཅིག་ཀྱང་བྱས་མེད་པའི་ནོར་མཛོད་ཞེས་སུ་འབོད་ཀྱི་ཡོད།

དེ་མིན་ཨེ་ཤ་ཡ་བྱང་ཤར་ཁུལ་གྱི་ཚན་ཞིབ་ནུས་པ་འཛམ་གླིང་གི་སྔོན་ཐོན་གྲས་སུ་སླེབས་ཡོད། ཀྲུང་གོ་དང་། ཨུ་རུ་སུ། འཇར་པན། ལྷོ་ཁོ་རེ་ཡ་བཅས་ཚང་མ་ཚན་རྩལ་གྱི་རྒྱལ་ཁབ་ཆེན་པོ་ཡིན་ཞིང་། རང་རང་གི་ཕན་ནུས་མངོན་གསལ་དོད་པོ་ཡོད།

དེ་དང་དུས་མཚུངས། ས་ཁུལ་གྱི་མ་དངུལ་འདང་ངེས་ཡོད་པ་དང་། ལྷག་པར་དུ་ཀྲུང་གོའི་ཕྱི་ཕྱོགས་མ་འཇོག་དེ་འཛམ་གླིང་ཡོངས་སུ་ཕྱི་ཕྱོགས་སུ་ཐད་ཀར་མ་འཇོག་འཕར་སྣོན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་གནད་ཞིག་ཏུ་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། ཟམ་མི་ཆད་པར་ལེགས་སུ་འགྲོ་བའི་བདེ་འཇགས་རྣམ་པ་ཡང་ས་ཁུལ་དབར་མཉམ་ལས་བྱ་རྒྱུར་འགན་སྲུང་ཡག་པོ་ཞིག་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུངས་པ་ལྟར། ཞི་མཐུན་དང་ཕན་ཚུན་ཡིད་ཆེས། མཐུན་བསྒྲིལ། བརྟན་ལྷིང་བཅས་ཀྱི་ཨེ་ཤ་ཡའི་བྱང་ཤར་ཁུལ་དེ་རྒྱལ་ཁབ་ཁག་གི་ཁེ་ཕན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་སྒུག་དང་མཚམས་ཡོད། ས་ཁུལ་དེའི་རྒྱལ་ཁབ་ལ་རང་རང་ལེགས་ཆ་འདོན་སྤེལ་བྱས་ནས་ཁྱབ་ཁོངས་ཁག་དང་བང་རིམ་ཁག་གི་མཉམ་ལས་བྱ་རྒྱུའི་ནུས་པ་དང་། ཆ་རྐྱེན་འདང་ངེས་ཡོད།

འོ་ན་གནས་བབས་གསར་པའི་འོག་ཕྱོགས་ཁག་གིས་གང་འདྲ་བྱས་ནས་མཉམ་ལས་གཏིང་ཟབ་བྱ་དགོས་སམ། ཀྲུའུ་ཞི་ཞི་ཅིན་ཕིང་གིས། གོང་འཕེལ་འཐབ་ཇུས་འབྲེལ་མཐུད་དང་། མངའ་ཁོངས་ལས་སྒྲོལ་བའི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་འབྲེལ་མཐུད་དང་ ཉོ་ཚོང་དང་མ་འཇོག་རང་དབང་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། ཕྱོགས་མང་གི་མཉམ་ལས་ཆུང་གྲས་དང། ས་ཁོངས་ཆུང་གྲས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་འགོ་བཏོན་ཡོད། གྲོས་འགོ་དེ་དག་ནི་འཛུབ་སྟོན་རང་བཞིན་དང་། ལག་ལེན་རང་བཞིན། དོན་དངོས་ཀྱི་དོན་སྙིང་ཤུགས་ཆེན་ལྡན་པ་ཞིག་རེད། ཨེ་ཤ་ཡ་བྱང་ཤར་ཁུལ་གྱི་རྒྱལ་ཁབ་དྲུག་དབར་རི་ཆུ་མཉམ་འབྲེལ་བྱས་ཡོད་ལ། དཔལ་འབྱོར་གོང་འཕེལ་ཆུ་ཚད་ལ་ཧེ་བ་དེ་ཙམ་ཆེན་པོ་མེད། ཁྱབ་ཁོངས་ངེས་ཅན་ཞིག་ནང་གི་ཕྱོགས་མང་མཉམ་ལས་དང་། ཁྱིམ་མཚེས་ས་ཁུལ་གྱི་ས་ཁོངས་ཆུང་གྲས་ཀྱི་མཉམ་ལས་སྤེལ་རྒྱུར་ཁྱད་འཕགས་ཀྱི་ཆ་རྐྱེན་ཆེན་པོ་ལྡན་ཡོད། ཕྱོགས་མང་ཀྱི་མཉམ་ལས་ཆུང་གྲས་དང་ ས་ཁོངས་ཆུང་གྲས་ཀྱི་མཉམ་ལས་སྒྲིག་གཞིའི་ཐད། ཨི་ཤི་ཡ་བྱང་ཤར་ས་ཁུལ་དུ་ཕྱོགས་གཉིས་དང་ཕྱོགས་མང་མཉམ་ལས་གྲུབ་གཞི་མང་པོ་ཡོད། ཀྲུང་གོ་དང་། ཨུ་རུ་སུ། མོལ་གོལ་རྒྱལ་ཁབ་བཅས་ཀྱི་དཔལ་འབྱོར་བར་འཁྱམས་འཛུགས་བསྐྲུན་ཐད་ཐོག་མའི་གྲུབ་འབྲས་མངོན་ཡོད་པ་དང་། ཀྲུང་གོ་དང་། འཇར་པན། ལྷོ་ཁོ་རེ་ཡ་བཅས་ཀྱི་རང་མོས་ཉོ་ཚོང་ཁུལ་གྱི་དབྱེ་འབྱེད་གྲོས་མོལ་མགྱོགས་མྱུར་འཇོག་བཞིན་ཡོད། དེ་དག་ཚང་མས་ས་ཁུལ་གྱི་རྒྱུན་མཐུད་གོང་འཕེལ་ལ་སྐུལ་འདེད་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་མཉམ་ལས་གཏིང་ཟབ་གཏོང་རྒྱུར་དཔྱད་བསྡུར་བྱས་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད་པ་རེད།

དེ་བས་གལ་ཆེ་བ་ཞིག་ནི། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེ་ཨ་ཤི་ཡའི་བྱང་ཁར་ཁུལ་གྱི་མི་སེམས་སུ་རིམ་བཞིན་ཟུག་བཞིན་ཡོད། ས་ཁོངས་ནང་རྒྱལ་ཁབ་ཁག་ཚང་མས་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་རྒྱབ་སྐྱོར་དང་ཧུར་ཐག་ཞུགས་རྒྱུའི་འདུན་པ་བཏོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པར། ཀྲུང་གོ་དང་ཨུ་རུ་སུ་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་བསྐྲུན་དང་། ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་འབྲེལ་མཐུད་ཧུར་ཐག་བྱེད་བཞིན་ཡོད་ལ་གཙོ་གནད་དང་དུས་ཡུན་སྔ་མའི་གྲུབ་འབྲས་ཀྱང་ཐོབ་ཡོད ཀྲུང་གོའི་ཕྱོགས་ནས་རྨང་གཞིའི་དེའི་ཐོག་ཕྱོགས་ཁག་དང་གོང་འཕེལ་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་འདོད་ཡོད་། ཀྲུང་གོའི་ཕྱོགས་ནས་ཨེ་ཤ་ཡའི་རྨང་གཞིའི་སྒྲིག་བཀོད་ཀྱི་མ་འཇོག་དངུལ་ཁང་དང་། དར་གོས་ལམ་བུའི་ཐེབས་རྩས་ནུས་པ་དེ་བས་ཆེ་བ་འདོན་སྤེལ་ཐུབ་རྒྱུ་རྒྱབ་བསྐྱོར་བྱས་ཏེ་རྣམ་གྲངས་མ་དངུལ་འགན་ལེན་མཁོ་འདོན་བྱ་རྒྱུ་ཡིན། དེ་ནི་ཨི་ཤི་ཡ་བྱང་ཤར་དཔལ་འབྱོར་ཁུལ་བསྐྲུན་པར་དེ་བས་མང་པའི་གོ་སྐབས་མཁོ་འདོན་བྱས་པ་ཞིག་ཡིན། ད་ལྟ། ཨི་ཤི་ཡའི་བྱང་ཤར་ཁུལ་གྱི་དུས་བབས་བརྟན་ལྷིང་ནས་ཡག་ཏུ་འགྲོ་བཞིན་ཡོད། ལྷག་པར་དུ་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་མཐོན་པོ་དང་གོང་འཕེལ་ཆེན་པོ་འགྲོ་བའི་དུས་རབས་གསར་པར་སླེབས་ཡོད། ཨི་ཤི་ཡའི་བྱང་ཤར་ཁུལ་ས་ཁོངས་མཉམ་ལས་འཕེལ་རིམ་ཁྲོད་གལ་ཆེའི་དཔེ་སྟོན་ནུས་པ་དང་སྐུལ་འདེད་ནུས་པ་ཐོན་ཡོད། རྒྱང་རིང་ནས་བལྟས་ཚེ། སྒོ་དབྱེ་ཅན་གྱི་ཨི་ཤི་ཡའི་བྱང་ཤར་དཔལ་འབྱོར་ཁུལ་དེས་ས་ཁུལ་གྱི་མང་ཚོགས་ལ་ཕན་པ་དེ་བས་མང་བ་བསྐྲུན་ཐུབ་རྒྱུ་མ་ཟད་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོབ་དང་། རྒྱལ་སྤྱིའི་སྒྲིག་གཞི་དེ་བས་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་གལ་ཆེའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་པ་ཚེ་རིང་།