ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་ཆུ་ཚད་མཐོ་པོའི་གོང་འཕེལ་རྒྱུན་འཁྱོངས་ཡོང་རྒྱུར་ཁྲིད་སྟོན་བྱེད།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཨུ་རུ་སུའི་མཚོ་འགྲམ་གྲོང་ཁྱེར་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་ཕེབས་འབྱོར་ཟིན་ནས་སྐབས་བཞི་པའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་ཡོད་པ་རེད། ཨུ་རུ་སུར་བཞུགས་རིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕྱོགས་གཉིས་དང་ཕྱོགས་མང་གི་བྱེད་སྒོ་རབ་དང་རིམ་པར་ཞུགས་རྒྱུ་དང་། དེའི་ནང་། ཨུ་རུ་སུའི་ཙུང་ཐུང་ཕུ་ཅིང་དང་མཇལ་མོལ་གནང་རྒྱུ་དང་། གླེང་སྟེགས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་ཤིས་ཚིག་གསུངས་རྒྱུ། དེ་བཞིན་གླེང་སྟེགས་ཀྱི་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་མཛའ་གྲོགས་སྤེལ་རེས་གནང་རྒྱུ་སོགས་ཚུད་ཡོད་པ་རེད།

འདི་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་བདག་ནས་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་ཐེངས་དང་པོ་ཡིན་ལ། འདི་ལོའི་ལོ་སྨད་ཀྱི་ཀྲུང་གོ་དང་ཨུ་རུ་སུའི་ཕྱོགས་གཉིས་མཐོ་རིམ་འགྲོ་འོང་གལ་འགངས་ཆེ་ཤོས་ཀྱང་ཡིན་པས་དོན་སྙིང་གལ་ཆེན་ལྡན་ཡོད། ཐེངས་འདིའི་འཚམས་འདྲིས་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་མུ་མཐུད་ཆུ་ཚོད་མཐོ་པོའི་གོང་འཕེལ་རྒྱུན་འཁྱོངས་ཡོང་རྒྱུར་ཁྲིད་སྟོན་སྔར་ལས་ལྷག་པ་ཐུབ་ངེས་ཡིན་པ་དང་། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་མཉམ་ལས་ལ་སྐུལ་འདེད་ནུས་ལྡན་དང་། ཕྱོགས་གཉིས་པོའི་རྒྱང་ཤར་མཉམ་ལས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ཐེབས་རྒྱུ། ཕྱོགས་ཁག་དང་ལག་གདང་སྦྲེལ་ཏེ་ས་ཁུལ་དེ་གའི་ཞི་བདེ་དང་། བརྟན་ལྷིང་། གོང་འཕེལ་བཅས་ལ་སྐུལ་འདེད་ཐེབས་ངེས་ཡིན་པ་རེད།

རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་དེ་ཆུ་ཚད་མཐོ་བ་དང་གོང་འཕེལ་ཆེ་བའི་དུས་རབས་གསར་པར་སླེབས་ཡོད། ཀྲུའུ་ཞི་ཞི་ཅིང་ཕིང་དང་ཙུང་ཐུང་ཕུ་ཅིང་གིས་དེ་སྔོན་མིག་དཔེ་ཞེས་པའི་ཚིག་གིས་མིག་སྔའི་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་བརྗོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས། ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བས་རྒྱལ་ཁབ་ཆེན་མོ་དང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་འབྲེལ་བའི་མིག་དཔེ་གཏོད་ཡོད་ཅེས་གསུངས་པ་དང་། ཙུང་ཐུང་ཕུ་ཅིང་གིས། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ནི་དེང་གི་འཛམ་གླིང་ཐོག་རྒྱལ་ཁབ་དང་རྒྱལ་ཁབ་བར་གྱི་འབྲེལ་བའི་མིག་དཔེ་ཡིན་ཞེས་པ་དང་། རྒྱལ་ཁབ་ཆེན་མོའི་བར་གོང་འཕེལ་དང་འདྲ་མཉམ། གཉིས་ཕན་མཉམ་ལས་ཀྱི་མིག་དཔེ་དངོས་ཡིན་ཞེས་གསུངས་ཡོད། ཀྲུང་གོ་དང་ཨུ་རུ་སུ་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཧྥུ་ལ་ཏི་ཨོ་སི་ཐོ་ཁེར་འདི་ལོའི་མཇལ་མོལ་ཐེངས་གསུམ་པ་གནང་རྒྱུ་ཡིན་པ་རེད། ཕར་འགྲོ་ཚུར་འོང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་མཛའ་གྲོགས་ཟབ་མོ་དང་ཀྲུང་གོ་དང་ཨུ་རུ་སུའི་འཐབ་ཇུས་རོགས་ལས་ཀྱི་ཆུ་ཚད་མཐོ་པོ་མངོན་ཡོད་པ་དང་། དེ་ནི་མིག་དཔེ་དེ་རིགས་ཀྱི་མངོན་ཚུལ་ཡིན་པ་རེད།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཕེབས་པའི་ནང་དོན་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་། ཕྱོགས་ཁག་གིས་རེ་འགུག་ཆེན་པོ་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ཞུགས་པ་དེས་ཀྲུང་གོ་དང་ཨུ་རུ་སུའི་བར་ཕར་ཕྱོགས་ཀྱིས་རྒྱལ་སྤྱིའི་བྱེད་སྒོ་གལ་ཆེན་གཉེར་བར་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་རྒྱུན་མཐུད་བྱས་ཡོད་པ་དང་། དེའི་ཐོག་ནས་ཀྲུང་གོས་ས་ཁུལ་དེ་གའི་གོང་འཕེལ་དར་རྒྱས་དང་ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་ཡང་མངོན་ཡོད་པ་རེད།

ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ནི་ཙུང་ཐུང་ཕུ་ཅིང་གིས་སྤྱི་ལོ་༢༠༡༥ལོར་གྲོས་འགོ་བཏོན་ནས་གཉེར་བ་ཞིག་ཡིན་པ་དང་། དེ་ཉིད་རིམ་བཞིན་ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ལ་གྲོས་བསྡུར་བྱེད་པའི་སྟེགས་བུ་གལ་ཆེན་ཞིག་ལ་གྱུར་བཞིན་ཡོད་པ་རེད། མིག་སྔར། རྒྱལ་སྤྱིའི་དུས་བབ་ལ་རྙོག་འཛིང་ཆེ་བའི་འགྱུར་བ་གཏིང་ཟབ་འགྲོ་བཞིན་ཡོད་པ་དང་། གོ་ལ་ཧྲིལ་པོ་ཅན་དང་ལྡོག་པའི་བསམ་ཕྱོགས་དང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཐོན་འགོ་ཚུགས་བཞིན་ཡོད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་ལི་ཧུའེ་ཡིས་གསུངས་པ་བཞིན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨུ་རུ་སུར་གླེང་སྟེགས་ལ་ཞུགས་པ་ཕེབས་པ་ནི་འཛམ་གླིང་ལ། གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ས་ཁོངས་དཔལ་འབྱོར་མཉམ་ལས་དང་བཀོད་སྒྲིག་འཐུས་སྒོ་ཚང་དུ་གཏོང་བ། ཉོ་ཚོང་དང་མ་འཇོག་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། ཐུན་མོང་ཐོག་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་པ་བཅས་ནི་ས་ཁོངས་དཔལ་འབྱོར་གོངའཕེལ་ལ་སྐུལ་འདེད་གཏོང་བའི་གདམ་ག་ཡང་དག་དེ་ཡིན་པ་རེད།

ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་ཀྱི་ལོ་རྒྱུས་རིང་བ་དང་། དེ་ནི་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་ཁ་གསབ་གལ་ཆེན་ཞིག་ཡིན་ཞིང་། ཉེ་ལམ་ལོ་ཤས་རིང་གོང་འཕེལ་དེ་བས་མགྱོགས་པོ་བྱུང་ཡོད། རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་ཟམ་ཁའི་བཙན་རྫོང་ལྟ་བུ་ཡིན་པའི་ངོས་ནས། ཀྲུང་གོ་དང་ཨུ་རུ་སུའི་རྒྱང་ཤར་གསར་སྤེལ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་དང་། དེ་ཉིད་རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་མིང་བྱང་ཞིག་ལ་གྱུར་ཡོད། མིག་སྔར། ཀྲུང་གོ་དང་ཨུ་རུ་སུའི་ས་གནས་མཉམ་ལས་སྤེལ་རེས་ལོ་གཉེར་བ་དང་བསྟུན་ནས། རྒྱལ་ཁབ་གཉིས་པོའི་ས་གནས་མཉམ་ལས་ཀྱི་སྤྲོ་སེམས་སྔར་བས་སྐུལ་སློང་ཐུབ་ཡོད་པ་དང་། ཁྱབ་ཁོངས་དང་ས་ཁོངས་ཁྱོན་ཡོངས་ལ་ཐེབས་པའི་ཕྱོགས་སུ་གོང་འཕེལ་འགྲོ་བཞིན་ཡོད། སྐབས་འདིའི་ཤར་ཕྱོགས་དཔལ་འབྱོར་གླེང་སྟེགས་ཀྱི་བརྗོད་དོན་གཙོ་བོ་ནི་རྒྱང་ཤར་ལ་གོ་སྐབས་དེ་བས་མང་བ་ཡོད་ཅེས་པ་དེ་ཡིན། མི་རྣམས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིས་ཨ་ཤེ་ཡ་བྱང་ཤར་གྱི་ཞི་བདེ་བརྟན་ལྷིང་དང་ས་ཁོངས་མཉམ་ལས་ལ་ཀྲུང་གོའི་གསོན་ཤུགས་སྣོན་རྒྱུ་དང་། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་དང་ཡོ་རོབ་དང་ཨ་ཤེ་ཡའི་དཔལ་འབྱོར་མནའ་འབྲེལ་འཛུགས་སྐྲུན་གྱི་འབྲེལ་མཐུད་ལ་སྔར་བས་སྐུལ་འདེད་གཏོང་བ་དང་བསྟུན་ནས་ས་ཁུལ་དེ་གའི་གོང་འཕེལ་ལ་ཀྲུང་གོའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུའི་རེ་འགུག་བྱེད་བཞིན་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིས་ཀྲུང་གོ་དང་ཨུ་རུ་སུའི་ཁྱོན་ཡོངས་འཐབ་ཇུས་རོགས་ལས་རོགས་པའི་འབྲེལ་བ་གོང་འཕེལ་འགྲོ་རྒྱུར་འགུལ་ཤུགས་གསར་པ་སྣོན་རྒྱུ་དང་། ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་དང་། ཕན་ཚུན་ཡིད་ཆེས་ཀྱི་མཉམ་ལས་ལ་འཕེལ་རིམ་གསར་པ་ཐོན་རྒྱུའི་ཡིད་ཆེས་བྱེད་ཆོག་ལ། དེ་ཉིད་ཀྲུང་གོ་དང་ཨུ་རུ་སུའི་འབྲེལ་བ་གོང་འཕེལ་ལོ་རྒྱུས་ཐོག་གི་ལམ་ཚད་རྡོ་རིང་གསར་པར་གྱུར་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།