གུ་ཐེ་ལེ་སིས་རྒྱལ་ཁབ་ཁག་གིས་བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བར་བཀག་འགོག་བྱེད་དགོས་ཞེས་འབོད་སྐུལ་གནང་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གུ་ཐེ་ལེ་སིས་རྒྱལ་ཁབ་ཁག་གི་བྱ་སྤྱོད་ངོ་མའི་ཐོག་ནས་གོ་ལ་ཧྲིལ་པོ་དྲོ་རུ་འགྲོ་བར་ལམ་སེང་བཀག་འགོག་བྱེད་དགོས་པ་དང་།གནམ་གཤིས་འགྱུར་ལྡོག་གིས་མིའི་རིགས་ལ་གཡོལ་ཐབས་བྲལ་བའི་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་མི་ཐོན་པ་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད།

གུ་ཐེ་ལེ་སིས་ཉིན་དེར་ཉེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གནམ་གཤིས་འགྱུར་ལྡོག་གི་གནད་དོན་ཐད་གཏམ་བཤད་གནང་ཡོད་པ་རེད། ཁོང་གིས། གལ་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྤྱི་ལོ་༢༠༢༠ལོའི་གོང་འགྱུར་ལྡོག་མ་གཏང་ཚེ། གནམ་གཤིས་འགྱུར་ལྡོག་ཚོད་འཛིན་བྱེད་ཐུབ་པའི་གོ་སྐབས་ཡག་ཤོས་དེ་ཤོར་སྲིད་པ་དང་། དེས་ཀྱང་མིའི་རིགས་དང་མིའི་རིགས་འཚོ་གནས་ཀྱི་རང་བྱུང་མ་ལག་ལ་གནོད་འཚེ་རང་བཞིན་གྱི་མཇུག་འབྲས་བཟོ་སྲིད་ཅེས་བཏོན་ཡོད།

གུ་ཐེ་ལེ་སིས། ཕ་རིའི་སིའི་གྲོས་ཆོད་ལག་བསྟར་ཚད་གཞིའི་སྐོར་གྱི་དབྱེ་འབྱེད་གྲོས་མོལ་དེ་སྤྱི་ཚེས་༩ཉིན་པང་ཁོག་ཏུ་མཇུག་སྒྲིལ་ཡོད་པ་དང་། གྲུབ་འབྲས་ཀྱང་ཐོབ་ཡོད། ཡིན་ནའང་གྲུབ་འབྲས་ཆུང་ཆུང་ཞིག་ལས་ཐོབ་མེད། ཕྱིས་འབྱུང་གི་འགག་རྩའི་དུས་སྐབས་དེ་སྤྱི་ཟླ་༡༢ལ་ཕོ་ལན་དུ་སྐོང་འཚོགས་བྱ་རྒྱུའི་མཉམ་འབྲེལ་རྒྱལ་ཚོགས་གནམ་གཤིས་འགྱུར་ལྡོག་གི་སྒྲོམ་གཞིའི་སྤྱི་ཆིངས་ཀྱི་ཐེངས་༢༤པའི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་གྲོས་ཚོགས་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།