ཨ་རིའི་ས་ཆ་མང་པོར་༩༡༡དོན་རྐྱེན་ཐོན་ནས་ལོ་༡༧འཁོར་བར་དྲན་གསོའི་བྱེད་སྒོ་སྤེལ་བ།
སྤེལ་བའི་དུས་ཚོད། : 2018-09-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༡ཉིན་ཨ་རིའི་ཉེའུ་ཡོག་དང་ཧྭ་ཧྲེང་ཏུན་སོགས་ས་ཆར་བྱེད་སྒོ་སྤེལ་ནས། ༩༡༡འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་ཐོན་ནས་ལོ་༡༧འཁོར་བར་དྲན་གསོ་ཞུས་ཡོད།

ཨ་རིའི་ཉེའུ་ཡོག་གྲོང་ཁྱེར་དུ་འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་མཆོད་རྟེན་གཉིས་ཀྱི་གནའ་ཤུལ་དུ་གནས་པའི་༩༡༡དྲན་གསོའི་ཐང་ཆེན་དུ་ལོ་གཅིག་དུས་གཅིག་གི་དྲན་གསོའི་བྱེད་སྒོ་སྤེལ་ཡོད་པ་དང་། ༩༡༡དོན་རྐྱེན་ནང་འཇིགས་སྐུལ་འཇབ་རྒོལ་ཕོག་མཁན་གྱི་ཁྱིམ་མི་གདན་ཞུ་བྱས་ནས་བྱེད་སྒོའི་ནང་ཞུགས་ཡོད།

ཉིན་དེར་ཧྭ་ཧྲེང་ཏུན་གྲོང་ཁྱེར་ཉེ་འདབས་སུ་ཡོད་པའི་ཨ་རིའི་རྒྱལ་སྲུང་པུའུ་གནས་སའི་ཟུར་ལྔའི་ཐོག་ཁང་མདུན་དུ་གཉེར་བའི་དྲན་གསོའི་བྱེད་སྒོའི་ཐོག ཨ་རིའི་ཙུང་ཐུང་གཞོན་པ་ཕེང་སི་དང་རྒྱལ་སྲུང་པུའུ་ཀྲང་མ་ཏི་སི་ཡིས་ཁག་སོ་སོར་ཤེས་ཚིག་གསུངས་གནང་ཡོད་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཉིན་དེར་པིན་སི་ཧྥ་ཉི་ཡའི་མངའ་སྡེའི་ཧྲང་ཁེ་སི་ཝེ་འར་རུ་ཕེབས་ནས་དྲན་གསོའི་བྱེད་སྒོར་ཞུགས་ཡོད། འདི་གར་རྐྱེན་ལམ་དུ་ཤོར་བའི་མི་སྣ་བཞི་བཅུའི་མིང་ཡང་རེ་རེ་བྱས་ནས་ཀློག་ཡོད། མང་ཚོགས་བརྒྱ་ལྷག་ཙམ་དྲན་གསོའི་བྱེད་སྒོར་ཞུགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།