ཁོ་རེ་ཡའི་ཕྱེད་གླིང་ཕྲན་གྱི་དུས་བབ་ལ་འགྱུར་བ་འགྲོ་སྲིད་དམ།
སྤེལ་བའི་དུས་ཚོད། : 2018-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱང་ཁོ་རེ་ཡས་སྤྱི་ཚེས་༩ཉིན་ཕོང་དབྱང་དུ་རྒྱལ་ཁབ་བཙུགས་ནས་ལོ་༧༠འཁོར་བར་རྟེན་འབྲེལ་ཞུ་བའི་དམག་གཟིགས་མཛད་སྒོ་དང་མང་ཚོགས་ཀྱི་མཛེས་རྒྱན་སྤྲས་པའི་བཞུགས་འཁོར་གྱི་ཁྲོམ་སྐོར་བྱེད་སྒོ་གཉེར་ཡོད་པ་དང་། བྱང་ཁོ་རེ་ཡས་བྱེད་སྒོའི་ནང་དཔལ་འབྱོར་འཛུགས་སྐྲུན་དང་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ཡག་ཏུ་གཏོང་རྒྱུ་གཙོ་གནད་ཐོག་སྟོན་ཡོད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་ཚེས་༩ཉིན་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག བྱང་ཁོ་རེ་ཡས་ཐེངས་འདིའི་དམགས་གཟིསག་མཛད་སྒོའི་ཁྲོད་ཤིན་ཏུ་གལ་ཆེན་དང་དགེ་མཚན་ལྡན་པའི་བརྡ་རྟགས་བཏང་ཡོད་ཅེས་བསྟན་འདུག

དབྱེ་ཞིབ་མི་སྣས། ཨ་རིས་བྱང་ཁོ་རེ་ཡར་འཛིན་པའི་རྣམ་འགྱུར་ཅུང་ཡག་ཏུ་ཕྱིན་པ་དེས། ཨ་རི་དང་བྱང་ཁོ་རེ་ཡའི་འབྲེལ་བ་དུས་མཚམས་རྗེས་མར་གོང་འཕེལ་འགྲོ་རྒྱུར་གོ་སྐབས་གསར་པ་སྦྱིན་ཡོད། འོན་ཀྱང་ཕྱོགས་གཉིས་པོ་རྡུལ་ཉིང་མེད་པ་ཅན་དུ་འགྱུར་རྒྱུའི་གནད་དོན་ཐད་སྔར་བཞིན་ཕྱོགས་འགལ་གནས་ཡོད་པས། འབྲེལ་བ་ཡག་ཏུ་གཏོང་བསམ་ན་ད་དུང་འབད་བརྩོན་ཆེན་པོ་བྱེད་དགོས་པའི་ངོས་འཛིན་བྱས་འདུག

བྱང་ཁོ་རེ་ཡའི་ད་ལོའི་རྒྱལ་སྟོན་དམག་གཟིགས་མཛད་སྒོ་དེ་སྔོན་དང་བསྡུར་ན་རྒྱས་སྤྲོས་དེ་ཙམ་མེད་པ་དང་། མེ་སྒྱོགས་དང་། འཁྲབ་ལྡན་འཁོར་ལོ། མེ་ཤུགས་འཕུར་མདེལ་བཅས་གོ་མཚོན་ཉུང་ཤས་ལས་འགྲེམས་སྟོན་བྱས་མེད། བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིང་ཡུང་ནན་གྱི་དམག་གཟིགས་མཛད་སྒོའི་གོང་གི་ཤིས་ཚིག་ནང་། བྱང་ཁོ་རེ་ཡས་འབད་བརྩོན་ཆེན་པོས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་རང་བདག་གཅིག་འགྱུར་མངོན་འགྱུར་ཡོང་བ་བྱེད་རྒྱུ་དང་། འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱ་རྒྱུ་ཡིན་པ་ནན་སྟོན་གནང་ཡོད།

ད་ལོའི་རྟེན་འབྲེལ་བྱེད་སྒོའི་ཁྲོད། བྱང་ཁོ་རེ་ཡས་ཏང་ཀྲུང་དབྱང་གིས་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུའི་སྐོར་གྱི་འཐབ་ཇུས་ལམ་ཐིག་གསར་པ་དོན་འཁྱོལ་བྱ་རྒྱུ་ནན་སྟོན་ཤུགས་ཆེན་བྱས་ཡོད། ཅིང་ཡུང་ནན་གྱིས། བྱང་ཁོ་རེ་ཡས་སྟོབས་ཤུགས་གཅིག་བསྡུས་ཀྱིས་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ལམ་ཐིག་གསར་པའི་སྣེ་ཁྲིད་འོག རང་སྟོབས་རང་སྤེལ་དང་ཚན་རིག་ལག་རྩལ་གྱིས་སྣེ་ཁྲིད་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་ཡིན་པ་བསྟན་ཡོད། ཁྲོམ་སྐོར་གྱི་མཛེས་རྒྱན་སྤྲས་པའི་བཞུགས་འཁོར་ཐོག་གི་སྦྱར་ཚིག་དང་དཔལ་འབྱོར་འཛུགས་སྐྲུན་མགྱོགས་པོ་ཕྱིན་པ་མཚོན་པའི་རྟ་མཆོག་གི་པར་རིས་ཧ་ཅང་གསལ་པོ་མཐོང་ཐུབ་ཀྱི་ཡོད།

ད་ལོའི་པན་མན་ཏེན་གྱི་དབུ་ཚོགས་མཇལ་མོལ་རྗེས། བྱང་ཁོ་རེ་ཡས་ལྷོ་བྱང་འབྲེལ་བར་རྣམ་འགྱུར་གང་འདྲ་འཛིན་མིན་ཚང་མས་དོ་ཁུར་བྱེད་ཀྱི་ཡོད། མཛེས་རྒྱན་སྤྲས་པའི་བཞུགས་འཁོར་གྱི་རྒྱབ་རས་སྟེང་བྱང་ཁོ་རེ་ཡའི་ཆེས་མཐོའི་གཙོ་འཛིན་ཅིང་ཀྲེང་ཨེན་དང་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙན་དབྱིན་གཉིས་ཀྱིས་ད་ལོའི་ཟླ་བ༤པའི་ཚེས་༢༧ཉིན་མིང་རྟགས་བཀོད་པའི་༼པན་མན་ཏེན་བསྒྲགས་གཏམ་༽དང་༢༠༠༠ལོར་ལྷོ་བྱང་ཁོ་རེ་ཡའི་བར་གྲོས་མཐུན་བྱུང་བའི་༼༦པའི་ཚེས་༡༥ཡི་ཐུན་མོང་བསྒྲགས་གཏམ་༽༢༠༠༧ལོར་སྤེལ་བའི་༼༡༠པའི་ཚེས་༤ཡི་བསྒྲགས་གཏམ་༽ཞེས་པ་བཅས་ཀྱི་ཡི་གེ་བྲིས་ཡོད།

ཐེ་རོན་ཕུས་སྤྱི་ཚེས་༩ཉིན་ཐོལ་ཐེ་ཡི་ཐོག ཐེངས་འདིའི་བྱང་ཁོ་རེ་ཡའི་དམག་གཟིགས་མཛད་སྒོའི་ནང་དེ་སྔོན་ལྟར་རྡུལ་ཉིང་མེ་ཤུགས་འཕུར་མདའ་འགྲེམས་སྟོན་བྱས་མེད། རིག་གཅིག་མཁས་པས་བྱང་ཁོ་རེ་ཡས་ཨ་རིར་རྡུལ་ཉིང་མེད་པ་ཅན་གྱི་ཁས་ལེན་བྱས་པ་མངོན་པ་དང་། བྱང་ཁོ་རེ་ཡས་གལ་ཆེ་ཞིང་དགེ་མཚན་ལྡན་པའི་བརྡ་འཕྲིན་ཞིག་བཏང་བའི་ངོས་འཛིན་བྱས་ཡོད་ཅེས་བཤད་ཡོད་པ་རེད།

ལྷོ་ཁོ་རེ་ཡའི་ཙུང་ཐུང་གི་ཆེད་བཀོད་ཕོ་ཉའི་ཚོགས་པས་ཚེས་༥ཉིན་བྱང་ཁོ་རེ་ཡར་དབུ་ཚོགས་གྲོས་མོལ་གྱི་བྱ་བར་གྲོས་མོལ་བྱེད་པར་ཕྱིན་པ་དང་། ཅིང་ཀྲེང་ཨེན་གྱི་ཁོང་ཚོ་དང་ཐུགས་འཕྲད་གནང་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་ཀྱི་ཆེད་བཀོད་ཚོགས་པའི་ཁོངས་མིའི་བཤད་སྟངས་ལ་གཞིགས་ན། ཅིང་ཀྲེང་ཨེན་གྱིས་ཐེངས་དང་པོ་ཁོ་རེ་ཡ་ཕྱེད་གླིང་ཕྲན་རྡུལ་ཉིང་མེད་པ་ཅན་དུ་འགྱུར་བ་བྱེད་རྒྱུའི་དུས་ཚོད་རེའུ་མིག་སྤྲད་པ་དང་། ཙུང་ཐུང་ཐེ་རོན་ཕུའི་འགན་ཡུན་༢༠༢༡ལོར་མཇུག་མ་སྒྲིལ་གོང་ལྷོ་བྱང་ཁོ་རེ་ཡའི་རྡུལ་ཉིང་མེད་པ་ཅན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། བྱང་ཁོ་རེ་ཡ་དང་ཨ་རིའི་དགྲ་འཛིན་འབྲེལ་བ་མཇུག་སྒྲིལ་རྒྱུ་ཡིན་པ་རེད། ཐེ་རོན་ཕུས་ཀྱང་བྱང་ཁོ་རེ་ཡས་རྣམ་འགྱུར་དེ་འདྲ་བསྟན་པར་བསྔགས་བརྗོད་བྱས་འདུག

ཀྲུང་གོ་མི་དམངས་སློབ་ཆེན་ཁྲུང་ཡང་དངུལ་རྩ་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་ཕེང་གིས། ད་ཐེངས་ཀྱི་བྱང་ཁོ་རེ་ཡའི་དམག་གཟིགས་མཛད་སྒོ་གཞི་ཁྱོན་ཆུང་དུ་ཕྱིན་པ་དང་། མཚོན་ཆའི་རིམ་པ་ཚོད་འཛིན་ནན་པོ་བྱས་ཡོད། དཔེར་ན་གླིང་ཕྲན་ནས་གླིང་ཕྲན་བར་འཕེན་གཏོང་ཆོག་པའི་མེ་ཤུགས་འཕུར་མདེལ་དང་། རྒྱང་རིང་མདེལ་ལམ་མེ་ཤུགས་འཕུར་མདེལ་སོགས་ཚོར་སྣང་རྐྱེན་པའི་འཐབ་ཇུས་ཅན་གྱི་མཚོན་ཆ་འགྲེམས་སྟོན་བྱས་མེད་པ་དང་།གཅིག་ནས་ཨ་རིར་བརྙས་བརྐོ་མེད་ལ། གཉིས་ནས་ཚད་གཞི་ངེས་ཅན་ཞིག་གི་ཐོག་རྒྱལ་སྤྱིའི་སྤྱི་ཚོགས་ལ་རྡུལ་ཉིང་མེད་པ་ཅན་དུ་འགྱུར་རྒྱུའི་ལྷག་བསམ་མངོན་ཡོད་ཅེས་བཤད་ཡོད་པ་རེད།

འོན་ཀྱང་ཝང་ཕོང་གིས། ཨ་རི་དང་བྱང་ཁོ་རེ་ཡས་རྡུལ་ཉིང་མེད་པ་ཅན་གྱི་ཐ་སྙད་དེར་ངོས་འཛིན་ཚུལ་མི་འདྲ་བ་དང་། རྒྱལ་ཁབ་གཉིས་པོས་རྡུལ་ཉིང་མེད་པ་ཅན་གྱི་ཇུས་གཞི་ལག་བསྟར་བྱེད་སྟངས་ལ་ཡང་ཁྱད་པར་ཡོད། དེར་བརྟེན་བྱང་ཁོ་རེ་ཡས་ཐེ་རོན་ཕུའི་འགན་ཡུན་ཐེངས་དང་པོ་མཇུག་མ་སྒྲིལ་གོང་ཨ་རིའི་ཚད་གཞི་དང་མཐུན་པའི་ཆ་ཚང་བ་དང་། ཞིབ་བཤེར་བྱེད་ཆོག་པ། ལྡོག་མེད་བཅས་ཀྱི་རྡུལ་ཉིང་མེད་པ་ཅན་གྱི་འཆར་གཞི་ལག་བསྟར་ཤིན་ཏུ་བྱེད་ཁག་པོའི་ངོས་འཛིན་བྱས་འདུག

ཝང་ཕེང་གིས་ད་དུང་། བྱང་ཁོ་རེ་ཡས་དཔལ་འབྱོར་དང་ཕྱི་འབྲེལ་ཐད་ཀྱི་དཀའ་ངལ་ཆེ་ཤོས་ཀྱི་དུས་ཚོད་བརྒྱུད་ཟིན་པས། མིག་སྔར་ཨ་རིའི་རྣམ་འགྱུར་་ལ་་སྣང་འཇོག་དེ་ཙམ་མི་བྱེད་པ་དང་། ཐེ་རོན་ཕུའི་གཏམ་སྤྱོད་ལ་འཕྲལ་མ་ཉིད་དུ་ལན་ཆ་བྱེད་ཀྱི་མེད་ཅེས་བཤད་ཡོད་པ་རེད།

བྱང་ཁོ་རེ་ཡས་ད་ཐེངས་རྒྱལ་ཁབ་བཙུགས་ནས་ལོ་༧༠འཁོར་བའི་དམག་གཟིགས་མཛད་སྒོའི་ཐོག་བཏང་བའི་དྲང་ཕྱོགས་དང་། དགེ་མཚན་ལྡན་པའི་བརྡ་འཕྲིན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁས་ལེན་དང་ལན་ཆ་བྱས་ཡོད།

ལྷོ་བྱང་ཁོ་རེ་ཡའི་འགོ་གཙོའི་ཕོང་དབྱང་མཇལ་མོལ་ལ་ཀུན་ནས་དོ་ཁུར་ཆེན་པོ་བྱས་ཡོད། ཕྱོགས་ཁག་གིས་ཁོ་རེ་ཡ་ཕྱེད་གླིང་ཕྲན་ཞི་བདེ་དར་རྒྱས་ཡོང་རྒྱུའི་འགག་རྩ་དེ་སྔར་བཞིན་ཨ་རི་དང་བྱང་ཁོ་རེ་ཡའི་རྣམ་འགྱུར་ལ་ཐུག་ཡོད་པ་གསལ་པོ་ཤེས་ཀྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།