བྱང་ཁོ་རེ་ཡའི་ཕྱི་དོན་ཁང་གིས་ཨ་རིས་བྱང་ཁོ་རེ་ཡའི་ལྷག་བསམ་དང་འབད་བརྩོན་ཐད་ལན་ཆ་ཧུར་ཐག་བྱ་དགོས་ཞེས་བཤད་པ།
སྤེལ་བའི་དུས་ཚོད། : 2018-08-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་བྱང་ཁོ་རེ་ཡའི་ཕྱི་དོན་ཁང་གི་མགྲིན་ཚབ་པས་གཏམ་བཤད་སྤེལ་ཏེ། ཨ་རིའི་སྲིད་གཞུང་གི་མཐོ་རིམ་དཔོན་རིགས་ཁག་གཅིག་གིས་བྱང་ཁོ་རེ་ཡར་བཀག་སྡོམ་བྱ་རྒྱུའི་འུད་སྒྲོག་བྱས་པར་ཐ་ཚིག་བཏང་བ་མ་ཟད། བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་མི་སྣའི་འདུན་པར་བརྩི་འཇོག་དང་བྱང་ཁོ་རེ་ཡ་དང་ཨ་རིའི་བར་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དུས་མཚུངས། དུས་མཚམས་དབྱེ་ནས་ཏན་ཏིག་ངང་བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་མི་སྣའི་མཇལ་འཛོམས་ཀྱི་མཉམ་འབྲེལ་གསལ་བསྒྲགས་ལག་བསྟར་ཏན་ཏིག་བྱ་རྒྱུ་ནི་བྱང་ཁོ་རེ་ཡའི་འགྱུར་མེད་ཀྱི་འདུན་པ་ཡིན་པས། ཨ་རིས་ཀྱང་སྔ་ཙམ་བྱང་ཁོ་རེ་ཡའི་ལྷག་བསམ་ཐད་དེ་བསྟུན་གྱི་ལན་ཆ་བྱ་དགོས་ཞེས་ནན་བཤད་བྱས་ཡོད། མགྲིན་ཚབ་པ་དེས། རྒྱལ་ཁབ་གཉིས་པོའི་དབུ་ཁྲིད་མི་སྣས་བྱང་ཁོ་རེ་ཡ་དང་ཨ་རིའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཇལ་འཛོམས་ཐེངས་དང་པོའི་ཐོག རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རེ་འདུན་དང་ཁེ་ཕན་དང་མཚམས་པའི་དུས་མཚམས་གསར་པའི་བྱང་ཁོ་རེ་ཡ་དང་ཨ་རིའི་འབྲེལ་བ་འཛུགས་ཆེད་འབད་བརྩོན་བྱས་ནས། ཁོ་རེ་ཡ་ཕྱེད་གླིང་ཕྲན་དང་འཛམ་གླིང་གི་ཞི་བདེ་དང་བདེ་འཇགས། དར་རྒྱས་བཅས་ཀྱི་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ཞལ་བཞེད་གནང་ཡོད་ཅེས་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།