སོ་ཏི་ཨ་རབ་དང་ཁ་ན་ཏའི་བར་གྱི་རྩོད་གཞི་ཤུགས་ཆེར་ཕྱིན་པ་དང་། རྩོད་གཞི་དེ་ལྟ་བུ་ནི་ཡུན་རིང་གི་འགལ་བ་ལས་བྱུང་བ་ཞིག་ཡིན།
སྤེལ་བའི་དུས་ཚོད། : 2018-08-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སོ་ཏི་ཨ་རབ་དང་ཁ་ན་ཏའི་བར་གྱི་ཕྱི་འབྲེལ་རྩོད་གཞི་དེ་སྤྱི་ཚེས་༧ཉིན་ནས་མུ་མཐུད་ཛ་དྲག་ཏུ་ཕྱིན་ཏེ། ཨ་རབ་རྒྱལ་ཁབ་མང་པོ་ཞིག་གིས་སོ་ཏི་ཨ་རབ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྟན་ཡོད། ནུབ་ཕྱོགས་སྨྱན་སྦྱོར་གྱིས་གནས་ཚུལ་འགོད་སྤེལ་བྱས་པར་གཞིགས་ན། ཁ་ན་ཏས་མནའ་གྲོགས་བཙལ་ནས་རྩོད་གཞི་ཐག་གཅོད་བྱེད་ཐབས་བྱེད་ཀྱི་ཡོད། ཨ་རིའི་རྒྱལ་དོན་ཁང་གིས། ཕྱོགས་གཉིས་པོས་གྲོས་མོལ་བྱེད་པའི་ཐོག་ནས་གནད་དོན་ཐག་གཅོད་བྱ་དགོས་པས། ཨ་རིས་དོན་དེའི་ཐད་ཐེ་ཇུས་བྱ་ཐབས་བྲལ་ཡོད་ཅེས་བསྟན་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ད་རེས་ཀྱི་རྩོད་གཞི་ནི་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དུས་ཡུན་རིང་པོའི་ནང་ཡག་པོ་མེད་པ་ལས་བཟོས་པ་ཞིག་ཡིན་པ་དང་། སོ་ཏི་ཨ་རབ་ནི་ཁ་ན་ཏའི་ཕྱིར་གཏོང་ཁྲོམ་ར་གལ་ཆེན་ཞིག་ཡིན་པས། རྩོད་གཞི་ཐག་གཅོད་བྱ་མི་ཐུབ་ན། ཁ་ན་ཏའི་ཚོང་ལས་ལ་གྱོང་གུན་ཆེན་པོ་ཕོག་པའི་ཉེན་ཁ་ཡོད་པའི་ངོས་འཛིན་བྱེད་བཞིན་ཡོད།

གཟའ་འཁོར་གོང་མར་ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབསྒྲིག་འཛུགས་ཀྱིས། སོ་ཏི་ཨ་རབ་སྲིད་གཞུང་གིས་བུད་མེད་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་མཁན་བུད་མེད་གཉིས་འཛིན་བཟུང་བྱས་པ་དང་། ཟླ་བ་ལྔ་པ་ཚུན་དུ། སོ་ཏི་ཨ་རབ་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་མཁན་མི་བཅུ་ལྷག་སྔ་རྗེས་སུ་འཛིན་བཟུང་བྱས་ཡོད་ཅེས་བསྟན་ཡོད། གནས་ཚུལ་འགོད་སྤེལ་བྱས་པར། ཁེ་དབང་ལ་སྲུང་སྐྱོབ་བྱེད་མཁན་ཞིག་གི་གཅུང་པོ་སོ་ཏི་ཨ་རབ་ཀྱི་བཙོན་ཁང་དུ་ཁྲིམས་ཆད་འཁུར་བཞིན་ཡོད་པས། གཅུང་པོའི་བཟའ་ཟླ་ཁ་ན་ཏར་སྡོད་ཀྱི་ཡོད། ཉེ་དུས་ཁ་ན་ཏའི་རྒྱལ་ཁོངས་རག་ཡོད་པ་རེད།

སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུས། ཁ་ན་ཏའི་ཕྱོགས་ནས་གླེང་བའི་འཛིན་བཟུང་བྱས་པའི་མི་སྣས་སོ་ཏི་ཨ་རབ་ཀྱི་ཁྲིམས་ལུགས་ལས་འགལ་ཡོད་པ་དང་། མི་དེག་བརྟག་དཔྱད་དང་ཁྲིམས་ཐག་གཅོད་པའི་བརྒྱུད་རིམ་ནང་། ཁྲིམས་མཐུན་ཁེ་དབང་འགན་ལེན་ཐུབ་རྒྱུ་རེད་ཅེས་བཤད་ཡོད་པ་རེད།

སྤྱི་ཚེས་༣ཉིན་ཁ་ན་ཏའི་ཕྱི་འབྲེལ་པུས་སྤྱི་ཚོགས་འབྲེལ་བའི་དྲ་ཚིགས་ཐོག་ཐུའེ་ཐེ་ནང་། སོ་ཏི་ཨ་རབ་ཀྱིས་འཛིན་བཟུང་བྱས་པའི་ཁེ་དབང་སྲུང་སྐྱོང་མི་སྣར་སེམས་ཁྲལ་ཆེན་པོ་བྱེད་པའི་རྣམ་པ་བསྟན་པ་མ་ཟད། སོ་ཏི་ཨ་རབ་ཀྱི་དབང་འཛིན་ལས་ཁུངས་ནས་མགྱོགས་མྱུར་མི་དེ་དག་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བཏང་ཡོད་པ་རེད།

སྤྱི་ཚེས་༦ཉིན་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་པུས་ཐོ་རེངས་སུ། ཁ་ན་ཏའི་ཕྱོགས་ནས་སོ་ཏིའི་ནང་སྲིད་བྱ་དོན་ལ་ཡོངས་བསྒྲགས་ཐོག་ཐེ་ཇུས་བྱས་པས། སོ་ཏི་ཨ་རབ་ནས་ཁ་ན་ཏར་བཅའ་སྡོད་བྱེད་པའི་རང་ཉིད་ཀྱི་གཞུང་ཚབ་ཆེན་མོ་ཚུར་སྐོང་རྒྱུ་མ་ཟད། སོ་ཏི་ཨ་རབ་ཏུ་བཅའ་སྡོད་ཁ་ན་ཏའི་གཞུང་ཚབ་ཆེན་མོ་བ་ཡང་ཆུ་ཚོད་༢༤ནང་རྒྱལ་ཁོངས་ལས་ཁ་བྲལ་དགོས་པ་གློ་བུར་དུ་ཁྱབ་བསྒྲགས་བྱས་ཡོད། སོ་ཏི་ཨ་རབ་ཀྱིས་དུས་མཚུངས་སུ་ཁ་ན་ཏའི་བར་གྱི་ཉོ་ཚོང་དང་མ་འཇོག་གསར་པ་ཚང་མ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། ཁ་ན་ཏར་གཞུང་དངུལ་བཏང་ནས་སློབ་སྦྱོང་བྱེད་མཁན་གྱི་སོ་ཏི་ཨ་རབ་ཀྱི་སློབ་མ་ཆིག་ཁྲི་ལྔ་སྟོང་ཚང་མ་ཕྱིར་ལོག་བྱེད་དུ་བཅུག་པ། ཁ་ན་ཏར་སྨན་བཅོས་བྱེད་མཁན་གྱི་སོ་ཏི་ཨ་རབ་ཀྱི་མི་ཕྱིར་འཐེན་བྱས་པ། སོ་ཏི་ཨ་རབ་མཁའ་འགྲུལ་གྱིས་ཁ་ན་ཏའི་ཕྱོགས་སུ་འཕུར་བསྐྱོད་བྱེད་མཁན་གནམ་གྲུ་འཕུར་མཚམས་བཞག་པ་བཅས་བྱས་ཡོད་པ་རེད།

ཉིན་དེར་ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཧྥུའུ་ལི་ལན་གྱིས། ཁ་ན་ཏས་སོ་ཏི་ཨ་རབ་ལ་འཛིན་པའི་ཕྱི་འབྲེལ་ལངས་ཕྱོགས་ལ་འགྱུར་བ་གཏོང་མི་སྲིད་ཅེས་བསྟན་ཡོད་པ་རེད།

སྤྱི་ཚེས་༧ཉིན། ཕྱོགས་གཉིས་པོའི་རྩོད་གཞི་ཛ་དྲག་དུ་ཕྱིན་པ་དང་། ཨེ་ཅིབ་དང་། པ་རེན། ཨ་རབ་ཚོ་དཔོན་མཉམ་འབྲེལ་རྒྱལ་ཁབ། ཕ་ལེ་སི་ཐན། དེ་བཞིན་མཚོ་ཁུག་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་། ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་ཚང་མས་སོ་ཏི་ཨ་རབ་ལ་རྒྱབ་སྐྱོར་བྱེད་པའི་རྣམ་པ་བསྟན་ཡོད།

དབྱིན་ཇིའི་སྨྱན་སྦྱོར་ཚན་པས་གནས་ཚུལ་སྤེལ་བར་གཞིགས་ན། ཁ་ན་ཏས་དབྱིན་ཇི་སོགས་མནའ་གྲོགས་ཀྱི་རོགས་རམ་ལ་བརྟེན་ནས་རྩོད་གཞི་སེལ་ཐབས་བྱེད་ཀྱི་ཡོད་པ་རེད། དབྱིན་ཇིའི་སྲིད་གཞུང་གིས་སྤྱི་ཚེས་༧ཉིན་རྒྱལ་ཁབ་གཉིས་པོས་བཟོད་སྒོམ་བྱས་ནས། རྩོད་གཞི་སྔར་བས་ཛ་དྲག་ཏུ་མི་འགྲོ་བ་བྱ་དགོས་པའི་སྐུལ་མ་བཏང་བ་དང་། ཁ་ན་ཏའི་ཆེས་གལ་ཆེ་ཤོས་ཀྱི་མནའ་གྲོགས་ཨ་རིས་ཀྱང་ཉིན་དེར། ཁ་ན་ཏ་དང་སོ་ཏི་ཨ་རབ་ཀྱིས་གྲོས་མོལ་ཐོག་ནས་གནད་དོན་ཐག་གཅོད་བྱ་དགོས་པ་ལས། ཨ་རིར་དོན་དེའི་ཐད་ཐེ་ཇུས་བྱེད་པའི་དབང་ཆ་མེད་ཅེས་བསྟན་ཡོད་པ་རེད།

དབྱེ་ཞིབ་མི་སྣས། ཁ་ན་ཏའི་ཙུང་ལི་ཐེ་ལུ་ཏོས་འགོ་ཁྲིད་བྱས་པའི་རང་དབང་ཏང་སྲིད་གཞུང་གིས་སྤྱི་ལོ་༢༠༡༥ལོར་ལས་འགན་འཁུར་བ་ནས་བཟུང་། སོ་ཏི་ཨ་རབ་དང་ཁ་ན་ཏའི་འབྲེལ་བ་གོང་འཕེལ་ཡག་པོ་བྱུང་མེད། ཁ་ན་ཏའི་ཕྱོགས་ནས་ཕྱོགས་གཉིས་འབྲེལ་བའི་དགའ་མ་ཁྲོའི་རྣམ་འགྱུར་ལ་བློ་ཕམ་ཆེན་པོ་སྐྱེས་པའི་ངོས་འཛིན་བྱེད་ཀྱི་ཡོད།

སོ་ཏི་ཨ་རབ་ནི་ཁ་ན་ཏའི་ཕྱིར་གཏོང་ཁྲོམ་ར་གལ་ཆེན་ཞིག་ཡིན་པ་དང་། མཚོ་ཁུག་ས་ཁུལ་དུ་ཡོད་པའི་ཁ་ན་ཏའི་ཁྲོམ་ར་ཆེ་ཤོས་ཨང་གཉིས་པ་དེ་ཡིན། ཕྱོགས་གཉིས་ཉོ་ཚོང་དངུལ་གྲངས་ལོ་ལྟར་ཨ་སྒོར་དུང་ཕྱུར་བཞི་བཅུ་ཙམ་ཟིན་པ་དང་། དེའི་ནང་སོ་ཏི་ཨ་རབ་ཀྱིས་ཁ་ན་ཏར་བཏང་བའི་དངུལ་གྲངས་ཨ་སྒོར་དུང་ཕྱུར་༡༡ཟིན་གྱི་ཡོད། ད་རེས་ཕྱི་འབྲེལ་གྱི་རྩོད་གླེང་དེས་ཁ་ན་ཏར་དཔལ་འབྱོར་གྱི་གྱོང་གུན་ཆེ་ཙམ་ཕོག་རྒྱུ་ཡིན་པ་དང་། གནས་ཚུལ་འགོད་སྤེལ་བྱས་པར་གཞིགས་ན། སོ་ཏི་ཨ་རབ་ཀྱིས་ཁ་ན་ཏ་ནས་ཐོན་པའི་གྲོ་དང་ཡུག་པོ་ནང་འདྲེན་བྱ་རྒྱུ་མཚམས་འཇོག་བྱས་ཡོད་པ་རེད།

དེ་མིན། ཁ་ན་ཏ་དང་སོ་ཏི་ཨ་རབ་ཀྱི་བར་ད་དུང་རིན་ཐང་ཨ་སྒོར་དུང་ཕྱུར་བརྒྱ་དང་སུམ་ཅུ་ཟིན་པའི་གོ་མཚོན་སྒྲིག་ཆས་ཀྱི་གན་རྒྱ་བཞག་ཡོད། ཨ་རིའི་དམག་དོན་བཟོ་སྐྲུན་ཁེ་ལས་ཀྱི་རྒྱུན་སྤྱོད་སྒུལ་ཤུགས་ཀུང་སིའི་ཁ་ན་ཏའི་ཡན་ལག་ཀུང་སིར་སྤྱི་ལོ་༢༠༡༤ལོར་སོ་ཏི་ཨ་རབ་ཀྱི་ཁྲབ་ལྡན་འཁོར་ལོ་དྲུག་བརྒྱ་ཡི་མངག་ཐོ་རག་ཡོད། ཡིན་ནའང་གན་རྒྱ་འཇོག་མཁན་ནི་ཁ་ན་ཏའི་སྐབས་དེ་དུས་ཀྱི་སྲིད་དབང་འཛིན་མཁན་སྲུང་འཛིན་ཏང་གི་སྲིད་གཞུང་ཡིན་པ་རེད། དབྱེ་ཞིབ་མི་སྣས། རབ་དབང་ཏང་གིས་སྲིད་གཞུང་གི་འགན་འཁུར་རྗེས། གན་རྒྱ་དེར་སྐྱོན་བརྗོད་མི་ཉུང་བ་ཞིག་ཕོག་པས། སོ་ཏི་ཨ་རབ་བློ་ཕམ་སྐྱེ་དགོས་བཟོས་ཡོད་པ་རེད།

ཨ་མེ་རི་ཁ་བྱང་མར་གནས་པའི་ཁ་ན་ཏ་དང་དབུས་ཤར་དུ་གནས་པའི་སོ་ཏིའི་དབར། ས་བབ་ཆགས་ཚུལ་ཐོག་ནས་བར་ཐག་རིང་པོ་ཡོད། ད་རེས་འབྲེལ་བ་གློ་བུར་དུ་སྡུག་དུ་འགྲོ་བ་ནི་མི་རྣམས་ཀྱིས་བསམ་ཚོད་མི་ཐིག་པ་ཞིག་རེད། ཡིན་ནའང་ད་རེས་ཀྱི་ཕྱི་འབྲེལ་རྩོད་གླེང་དེའི་ནང་། རྒྱལ་ཁབ་གཉིས་པོའི་ལངས་ཕྱོགས་ནི་སྤྱིར་ཡོངས་སུ་རྒྱབ་འགལ་དུ་སོང་བ་ཞིག་ཡིན་པ་རེད།

ཕྱི་ཕྱོགས་ནས་བལྟས་ན། ཕྱོགས་གཉིས་པོའི་རྩོད་གཞིའི་འབྱུང་རྐྱེན་ནི་ཐུའེ་ཐེའི་ནང་དོན་ཆུང་ངུ་དེ་ཡིན་པ་འདྲ་པོ་ཡོད། དོན་དངོས་ཐོག འབྲེལ་བ་སྡུག་པོ་དེ་འདྲ་ཆགས་དོན་ནི་དུས་ཡུན་རིང་པོའི་འགལ་བ་ལས་བྱུང་བ་ཞིག་རེད། ཕྱོགས་གཉིས་པོའི་འབྲེལ་བ་གློ་བུར་དུ་སྡུག་དུ་འགྲོ་བ་དེའི་རྒྱུ་རྐྱེན་ནི་སྟབས་བདེའི་ཐུའེ་ཐེའི་ནང་དོན་མ་ཡིན། ཕྱོགས་གཉིས་པོས་རྩོད་གླེང་དེ་ཐག་གཅོད་བྱ་དགོས་བསམ་ན། རྒྱུ་རྐྱེན་གཙོ་བོ་དེ་འཚོལ་ཞིབ་བྱ་དགོས་ངེས་ཞིག་ཡིན། དེ་ནི་ཐུའེ་ཐེ་དང་དེའི་འབྲེལ་ཡོད་དོན་རྐྱེན་སྐོར་ལ་བསམ་བློ་གཏོང་རྒྱུ་ཁོ་ན་མིན་པ་མཐོང་ཐུབ་པ་ཞིག་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།