སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བས་ཨ་རིའི་ཉོ་ཚོང་བཙན་དབང་རིང་ལུགས་ཀྱི་བྱ་སྤྱོད་ཀྱིས་གོ་ལའི་ཉོ་ཚོང་སྒྲིལ་ལམ་ལ་གཏོར་བཤིག་བཏང་བ་ཞེས་གསུངས་པ།
སྤེལ་བའི་དུས་ཚོད། : 2018-07-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ།སིང་ཀ་ཕོར་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཧུང་ཞའོ་ཡུང་གིས། ཉེ་དུས་སིང་ཀ་ཕོའི་ཚོང་དོན་ལས་རིགས་ཀྱི་འགོ་ཁྲིད་དང་འཐུས་མི་༡༠༠ལྷག་ཙམ་དང་བགྲོ་གླེང་གནང་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཉོ་ཚོང་འགལ་ཟླ་སོགས་ཀྱི་གནད་དོན་ཐད་ཀྲུང་གོའི་ལངས་ཕྱོགས་གསལ་སྟོན་གནང་ཡོད་པ་རེད།

ཧུང་ཞའོ་ཡུང་གིས། ཨ་རིས་ཀྲུང་གོའི་ཚོང་ཟོག་ལ་སྒོ་ཁྲལ་འཕར་སྣོན་བྱས་པ་དེ་འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྒྲིག་ལམ་དང་རྒྱབ་འགལ་དུ་སོང་བ་ཞིག་ཡིན་པས། དེ་ནི་དཔེ་མཚོན་རང་བཞིན་གྱི་ཉོ་ཚོང་བཙན་དབང་རིང་ལུགས་ཀྱི་བྱ་སྤྱོད་ཞིག་ཡིན་པ་དང་། གོ་ལ་ཡོངས་ཀྱི་ཉོ་ཚོང་སྒྲིག་ལམ་ལ་གཏོར་བཤིག་ཚབ་ཆེན་གཏོང་རྒྱུ་མ་ཟད། གོ་ལ་ཡོངས་ཀྱི་ཐོན་ལས་འབྲེལ་ཐག་ལ་ཉེན་ཁ་ཚབ་ཆེན་བཟོ་རྒྱུ་དང་། གོ་ལ་ཡོངས་ཀྱི་དཔལ་འབྱོར་སླར་གསོར་ཉེན་ཁ་བཟོ་སྲིད་ཅེས་བསྟན་ཡོད་པ་རེད།

ཧུང་ཞའོ་ཡུང་གིས། ཀྲུང་གོའི་དོན་དངོས་ཁེ་ཕན་ལ་གནོད་འཚེ་ཕོག་པའི་གནས་ཚུལ་འོག ཀྲུང་གོར་ལུགས་མཐུན་གྱི་འགོག་སྲུང་བྱ་རྒྱུ་ལས་བྱ་ཐབས་གཞན་གང་ཡང་མེད་པ་དང་། དེ་ནི་འཛམ་གླིང་ཁྱབ་ཁོངས་ནང་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་དང་། དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བའི་སེམས་ཐག་དང་འབད་བརྩོན་གྱི་ཆ་ཤས་ཤིག་ཡིན། གལ་སྲིད་ཀྲུང་གོས་རྒོལ་ལན་མ་སློག་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནས་ཐུན་མོང་ཐོག་ཉོ་ཚོང་རང་མོས་མ་ལག་དང་། རྨང་གཞིར་གྱུར་བའི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོབ་མ་བྱས་ན། ཕྱོགས་རྐྱང་པའི་རིང་ལུགས་ལ་ཉལ་ས་བྱུང་ན་རྐྱོང་སའི་དཔེ་རུ་གྱུར་ནས། རྒྱལ་ཁབ་གཞན་ལ་ཉེན་ཁ་ཆེན་པོ་བཟོ་སྲིད། རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་ཐབས་མཁས་རང་སྲུང་ཡོང་ཐབས་བྲལ་བ་ཞིག་ཡིན་པས། མཐའ་མཇུག་གནོད་འཚེ་ཕོག་མཁན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ཁེ་ཕན་ཡིན་ཞེས་ནན་སྟོན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།