བྱང་ཆིངས་དབུ་ཚོགས་ཀྱིས་འགན་འཁྲི་ཁག་དབྱེ་དང་། འཇིགས་སྐུལ་ལ་རྡུང་རྡེག དམག་དོན་འཛུགས་སྐྱོང་བཅས་ཀྱི་གྲོས་གཞིར་གྲོས་བསྡུར་བྱས་པ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༡ཉིན་བྱང་ཆིངས་སྒྲིག་འཛུགས་ཀྱི་དྲུང་ཡིག་ཆེན་མོ་སེ་ཐོའར་ཐེང་པེ་གྷེ་ཡིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག བྱང་ཆིངས་ཀྱི་རྒྱལ་ཁབ་༢༩ཡི་འགོ་ཁྲིད་མི་སྣས་ཉིན་དེར་བྱང་ཆིངས་ཀྱི་དབུ་ཚོགས་ཐོག་ཁོངས་གཏོགས་རྒྱལ་ཁབ་གཙོ་བོའི་འགན་འཁྲི་ཁག་དབྱེ་དང་། འཇིགས་སྐུལ་ལ་རྡུལ་རྡེག་གཏོང་བ། བྱང་ཆིངས་ཀྱི་ཟིལ་རྔམས་དང་འགོག་སྲུང་ལ་ཤུགས་སྣོན་རྒྱག་པའི་སྐོར་ལ་མགྲིན་དབྱངས་གཅིག་གྱུར་བྱུང་ཡོད་ཅེས་བསྟན་ཡོད་པ་དང་།

སེ་ཐོའར་ཐེང་པེ་གྷེས། བྱང་ཆིངས་སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣས་ཁོངས་གཏོགས་རྒྱལ་ཁབ་དབར་དྲང་བཞག་གི་འགན་འཁྲི་ཁག་དབྱེ་མེད་པས། རྒྱལ་ཁབ་ཁག་ནས་རྒྱལ་སྲུང་གི་སྔོན་རྩིས་དང་། དམག་དོན་སྟོབས་ཤུགས་འཛུགས་སྐྱོང་། བྱང་ཆིངས་བྱ་སྤྱོད་ལ་ལེགས་སྐྱེས་འབུལ་བ་བཅས་ཕྱོགས་གསུམ་གྱི་ཐད་འབད་བརྩོན་བྱ་རྒྱུའི་མོས་མཐུན་བྱས་ཡོད་ཅེས་བསྟན་ཡོད།

སེ་ཐོའར་ཐེང་པེ་གྷེས། དབུས་ཤར་དང་ཨ་ཧྥེ་རི་ཁ་བྱང་མའི་ས་ཁུལ་གྱི་བརྟན་བརླིང་མིན་པའི་གནས་ཚུལ་གྱིས་བྱང་ཆིངས་སྒྲིག་འཛུགས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་པ་དང་། དབྱི་རག་སྲིད་གཞུང་གི་བླང་བྱ་ལྟར། བྱང་ཆིངས་སྒྲིག་འཛུགས་ཀྱིས་དབྱི་རག་ཏུ་སྦྱོང་བརྡར་གསར་པའི་ལས་འགན་སྒྲུབ་རྒྱུ་ཡིན་པ་དང་། དམག་འཐབ་ཀྱི་ངོ་བོ་མིན་པའི་བྱ་སྤྱོད་དེ་ནི་ཁ་ན་ཏས་སྣེ་ཁྲིད་བྱ་རྒྱུ་ཡིན་པ་དང་། བྱང་ཆིངས་སྒྲིག་འཛུགས་ཀྱིས་ད་དུང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་ཅོར་ཏན་དང་ཐུ་ནི་སིར་རྒྱབ་སྐྱོར་བྱ་ཤུགས་ཆེ་རུ་གཏང་རྒྱུའི་ཐག་གཅོད་བྱས་ཡོད་ཅེས་བསྟན་ཡོད།

སེ་ཐོའར་ཐེང་པེ་གྷེས། བྱང་ཆིངས་སྒྲིག་འཛུགས་ཀྱི་འགོ་ཁྲིད་ནས། མ་ཆི་ཏུན་དང་ཀེ་རི་སེས་རྒྱལ་ཁབ་ཀྱི་མིང་སྒྱུར་རྒྱུའི་ཐད་གོ་རིམ་ཡོངས་ལེགས་གྲུབ་ཟིན་པས། མ་ཆི་ཏུན་བྱང་ཆིངས་སྒྲིག་འཛུགས་ནང་གདན་ཞུ་བྱ་རྒྱུའི་སྐོར་ལ་དབྱེ་འབྱེད་གྲོས་མོལ་བྱ་རྒྱུར་མོས་མཐུན་བྱས་ཡོད་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།