ལྷོ་སུའུ་ཏན་དུ་ཞི་སྲུང་དུ་བསྐྱོད་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་གིས་སྔོན་བཤེགས་དཔའ་བོར་ཆོས་འབུལ་ཞུ་བའི་བྱེད་སྒོ་གཉེར་བ།
སྤེལ་བའི་དུས་ཚོད། : 2018-07-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༡༠ཉིན་ལྷོ་སུའུ་ཏན་དུ་ཞི་སྲུང་དུ་བསྐྱོད་མཁན་ཀྲུང་གོའི་རྐང་དམག་ཡིང་ཤོག་གི་དཔོན་དམག་གིས་སྔོན་བཤེགས་དཔའ་བོར་ཆོས་འབུལ་ཞུ་བའི་བྱེད་སྒོ་གཉེར་ནས། ལོ་གཉིས་གོང་དུ་ལྷོ་སུའུ་ཏན་དུ་ཞི་བདེར་སྲུང་སྐྱོབ་བྱེད་པའི་ཁྲོད་སྐུ་བཤེགས་པའི་འཐབ་གྲོགས་ལི་ལའེ་དང་། ཡང་ཧྲུའུ་ཕེང་ལ་རྗེས་དྲན་ཞུས་ཡོད་པ་རེད།

ལྷོ་སུའུ་ཏན་གྱི་རྒྱལ་ས་ཇུའུ་པར་གནས་པའི་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་གྱི་མངགས་གཏོང་ཚོགས་པའི་སྤྱི་ཁྱབ་སྒར་སའི་ནང་ངོས་ཀྱི་ཐང་ཆེན་ཐོག་ཏུ། མྱ་ངན་ཞུ་བའི་ཆ་ཡིག་རེ་རེ་ལས་མི་རྣམས་ཀྱི་བླ་ན་མེད་པའི་གུས་བཀུར་ཞུ་བ་དང་མྱ་ངན་ཞུ་བ་མཚོན་པར་བྱས་པ་དང་། སྐུ་མགྲོན་རྣམས་དང་། དཔོན་དམག་གི་སྐུ་ཚབ་ནས་སྔོན་བཤེགས་དཔའ་བོར་གོ་རིམ་བཞིན་མེ་ཏོག་ཕུལ་བ་དང་། མི་སྣ་ཡོངས་ཀྱིས་གུས་བཏུད་ཞུ་བ་དང་། ངག་བསྡམས་ནས་མྱ་ངན་ཞུ་བའི་ཐོག་ནས། སྔོན་བཤེགས་དཔའ་བོར་བླ་ན་མེད་པའི་གུས་བཀུར་དང་སེམས་སྡུག་ཆེ་བའི་མྱ་ངན་ཞུ་ལུགས་མཚོན་པར་བྱས་ཡོད་པ་རེད།

སྤྱི་ལོ་༢༠༡༦ལོའི་ཟླ་བ་༧པའི་ཚེས་༡༠ཉིན། ལྷོ་སུའུ་ཏན་སྲིད་གཞུང་དམག་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་དབར་རྒྱལ་ས་ཇུའུ་པའི་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་མངགས་གཏོང་ཚོགས་པའི་སྒར་སའི་ཉེ་འགྲམ་དུ་དྲག་པོའི་གདོང་ཐུག་ཤོར་བ་དང་། ཕྱོགས་གཉིས་དབར་མེ་མདའ་རྒྱག་རེས་ཛ་དྲག་པོ་བྱས་ཡོད། ལྷོ་སུའུ་ཏན་དུ་བསྐྱོད་མཁན་ཀྲུང་གོའི་ཞི་སྲུང་རྐང་དམག་ཡིང་ཤོག་ཁག་གཉིས་པའི་འགྱིག་འཕང་རྐང་འཐབ་འཁོར་ལོ་༡༠༥རྟགས་ཅན་གྱིས་ལས་འགན་སྒྲུབ་པའི་སྐབས་སུ་སྒྱོགས་མདེལ་ཕོག་པ་དང་། འཁོར་ལོའི་ཐོག་ཡོད་པའི་ལི་ལའེ་དང་། ཡང་ཧྲུའུ་ཕེང་རྣམ་གཉིས་དཔའ་ངར་ལྡན་པའི་ངང་སྐུ་བཤེགས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།