ཐེ་རོན་ཕུས་ཡོ་རོབ་ལ་འཚམས་འདྲི་གནང་བར་ཡོ་རོབ་ཏུ་སེམས་ཁྲལ་ཆེན་པོ་བྱེད་པ།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྤྱི་ཚེས་༡༠ཉིན་ནས་བཟུང་། ཁོང་གིས་སྲིད་འགན་འཁུར་རྗེས་ཡོ་རོབ་དུ་བསྐྱོད་ཐེངས་ལྔ་པ་འགོ་ཚུགས་ཏེ། བྱང་ཆིངས་དབུ་ཚོགས་ལ་ཞུགས་རྒྱུ་དང་། དབྱིན་ཇིར་འཚམས་འདྲི་ཐོག་མ་དེ་བྱ་རྒྱུ། ད་དུང་ཙུང་ཐུང་ཕུ་ཅིན་དང་ཐུག་འཕྲད་བྱ་རྒྱུ་ཡིན་པ་རེད། འཚམས་འདྲི་མ་གནང་གོང་། ཐེ་རོན་ཕུས་ཡོ་རོབ་རྒྱལ་ཁབ་ཀྱིས་དམག་དོན་འགྲོ་གྲོན་འདང་ངེས་མི་གཏོང་བ་དང་། ཉོ་ཚོང་གནད་དོན་ཐད་ཨ་རི་ནས་ཁེ་བཟང་ཟ་བར་སྐྱོན་བརྗོད་བྱས་པས། ད་ཐེངས་ཁོང་འཚམས་འདྲིར་སླེབས་རྒྱུ་དེ་གནས་ཚུལ་བཟང་པོ་ཞིག་ལ་བརྩི་གི་མེད་པ་རེད།

མིག་སྔར། ཐེ་རོན་ཕུ་སྲིད་གཞུང་གིས་ཡོ་རོབ་ལ་ངར་ལྕགས་དང་ཧ་ཡང་གི་སྒོ་ཁྲལ་བསྡུ་བ་དང་། ཕྱོགས་རྐྱང་པའི་ཐོག་ནས་དབྱི་རན་ཉིང་རྡུལ་གྲོས་ཆོད་ནས་ཕྱིར་དོན་བྱས་པས། ཡོ་རོབ་མནའ་འབྲེལ་གྱི་ཁེ་ཕན་ལ་གནོད་པ་བཟོས་ཏེ། ཡོ་རོབ་དང་ཨ་རིའི་དབར་གྱི་འགལ་ཟླ་གཏིང་ཟབ་ཏུ་བཏང་ཡོད་པ་རེད། ཡོ་རོབ་ཕྱོགས་ནས། ཐེ་རན་ཕུ་ཡོ་རོབ་ཏུ་སླེབས་པ་དེས་གཅིག་བྱས་ན་ཡོ་རོབ་དང་ཨ་རིའི་དབར་འགལ་ཟླ་དང་། ཕྱོགས་འགལ་སྔར་བས་མང་བ་བཟོས་ནས། ནུབ་རྒྱ་མཚོ་ཆེན་མོའི་གཡས་གཡོན་གྱི་འགལ་ཟླ་ཆེ་རུ་འགྲོ་རྒྱུར་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

མིག་སྔར་ཨ་རི་དང་ཡོ་རོབ་ཀྱི་ཉོ་ཚོང་འགལ་ཟླ་ཤུགས་ཆེ་རུ་འགྲོ་བཟོ་ཡོད་པའི་རྒྱབ་ལྗོངས་འོག ཡོ་རོབ་ཕྱོགས་ནས་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི། ཐེ་རོན་ཕུས་ཉོ་ཚོང་གནད་དོན་ཐད་མུ་མཐུད། ཉོ་ཚོང་དང་བདེ་འཇགས་གནད་དོན་ཟུང་སྦྲེལ་བྱེད་པ་དང་། ཡོ་རོབ་རྒྱལ་ཁབ་གང་རུང་ཞིག་དང་ཕྱོགས་གཉིས་གྲོས་ཆོད་བཞག་ནས་ཡོ་རོབ་ལ་ཁ་བྲལ་དབང་སྒྱུར་བྱེད་མིན་སོགས་ཚུད་པའི་ཡོ་རོབ་མནའ་འབྲེལ་ལ་གནོན་ཤུགས་སྤྲོད་མིན་དེ་ཡིན་པ་རེད།

འཛམ་གླིང་དམག་ཆེན་གཉིས་པ་མཇུག་སྒྲིལ་བ་ནས་ད་ལྟའི་བར། ཨ་རིས་འགོ་ཁྲིད་བྱས་པའི་བྱང་ཆིངས་སྒྲིག་འཛུགས་ཀྱིས་ཡོ་རོབ་ཀྱི་བདེ་འཇགས་འགན་ལེན་བྱས་པས། ཡོ་རོབ་ཀྱི་དམག་དོན་འགྲོ་གྲོན་ཉུང་གཏོང་བྱས་པ་དང་། ཉུང་གཏོང་བྱས་པའི་མ་དངུལ་དེ་དག་དཔལ་འབྱོར་གོང་འཕེལ་དང་སྤྱི་ཚོགས་ཕན་བདེའི་ཐད་བེད་སྤྱོད་བཏང་ཡོད་པ་རེད། འཇམ་འཐབ་དམག་འཁྲུག་རིང་དང་འཇམ་འཐབ་དམག་འཁྲུག་མཇུག་སྒྲིལ་བའི་རྗེས་ཀྱི་ཡོ་རོབ་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱ་ཆེད། ཨ་རིའི་ཙུང་ཐུང་གོང་མ་ཚོས་སྤྱིར་བཏང་བདེ་འཇགས་གནད་དོན་གྱི་ཐོག་ནས་ཡོ་རོབ་ལ་གནོན་ཤུགས་སྤྲད་མེད་པ་རེད།

ཐེ་རོན་ཕུས་སྲིད་འགན་ཁུར་རྗེས་ལངས་ཕྱོགས་དེར་འགྱུར་ལྡོག་བཏང་ནས། ཨ་རིས་ཡོ་རོབ་ཏུ་འགན་ལེན་བྱས་པའི་བདེ་འཇགས་འགན་འཁྲི་དང་། ཨ་རི་དང་ཡོ་རོབ་ཀྱི་ཉོ་ཚོང་འགལ་ཟླ་གཉིས་ཟུང་སྦྲེལ་བྱེད་འགོ་བརྩམས་པ་དང་། ཡོ་རོབ་ཀྱིས་དམག་དོན་ཐད་ཀྱི་འགྲོ་གྲོན་ཁ་སྣོན་བྱེད་པའམ། ཡང་ན་ཉོ་ཚོང་གནད་དོན་ཐད་བསམ་ཤེས་བྱ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། སྔོན་རྩིས་བྱས་པ་ལྟར་ན། བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་རིང་། ཐེ་རོན་ཕུ་དང་ཡོ་རོབ་འགོ་ཁྲིད་མི་སྣའི་དབར་གནད་དོན་དེའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་པ་རེད།

ཐེ་ཏོན་ཕུས་སྲིད་འགན་ཁུར་རྗེས། བྱང་ཆིངས་སྒྲིག་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འགོག་སྲུང་ལས་དོན་ཐད་ཀྱི་འགྲོ་གྲོན་གཏོང་རོགས་བྱ་རྒྱུའི་རེ་བ་བཏོན་པ་དང་། ད་དུང་བྱང་ཆིངས་སྒྲིག་འཛུགས་ནང་གི་ཡོ་རོབ་རྒྱལ་ཁབ་ཀྱིས་ཁ་དན་ཚིག་ལ་མི་གནས་པ་དང་། མཐུན་སྒྲིལ་མི་འདང་བ་སོགས་ཀྱི་གནས་ཚུལ་ལ་སྐྱོན་བརྗོད་ཟམ་མི་ཆད་པར་བྱས་པ་དང་། ཐ་ན་བྱང་ཆིངས་སྒྲིག་འཛུགས་ལས་ཕྱིར་འདོན་བྱ་རྒྱུའི་འུད་ཤོབ་ཐེངས་མང་བཤད་ཡོད། གནད་དོན་དེ་དག་གིས་རྐྱེན་པས། ཨ་རིའི་བྱང་ཆིངས་མནའ་གྲོགས་ཚོར་སེམས་ཁྲལ་ཆེན་པོ་བཟོས་ཡོད་པ་རེད།

བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་གོང་། དབྱིན་ཇིའི་དཔལ་འབྱོར་རིགས་པ་བ་ཞེས་པའི་དུས་དེབ་ཐོག་མཛའ་གྲོགས་འཆམ་མཐུན་མེད་པ་ཞེས་པ་དང་། དུག་ལྡན་ཞེས་པའི་མིང་ཚིག་གི་ཐོག་ནས་ཨ་རི་དང་ཡོ་རོབ་ཀྱི་རོགས་ཟླའི་དབར་གྱི་གནས་བབ་དེ་བརྗོད་ཡོད་པ་རེད། མུ་ཉི་ཧའེ་བདེ་འཇགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་དབྱི་ཧྲེན་ཀེའར་གྱིས། ད་ཐེངས་བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་དེས་རྒྱལ་ཁབ་བདུན་ཚོགས་པའི་ཁ་སྐྱེངས་པའི་རྣམ་པ་དེ་ཡང་བསྐྱར་ཐོན་དུ་བཅུག་ནས། ཕྱོགས་སོ་སོས་མིང་རྟགས་བཀོད་ནས་ངོས་འཛིན་བྱས་པའི་མཉམ་འབྲེལ་སྤྱི་བསྒྲགས་ལ་གྲོས་མཐུན་ཐུབ་དཀའ་བའི་སེམས་ཁྲལ་གནང་གི་ཡོད། མིག་སྔའི་འགལ་ཟླ་ཆེ་ཤོས་དེ་ཐེ་རོན་ཕུས་རྒྱུན་ཆད་མེད་པར་ཤོད་པའི་འགོག་སྲུང་འགྲོ་གྲོན་གནད་དོན་ལས་བྱུང་བ་ཞིག་ཡིན།

ཐེ་རོན་ཕུས་སྤྱི་ཚེས༡༦ཉིན་ཕུ་ཅིན་དང་ཧྥེན་ལེན་གྱི་རྒྱལ་ས་ཧའེར་ཤིན་ཅིར་གྲོས་མོལ་བྱ་རྒྱུ་གཏན་འཁེལ་བྱས་ཡོད། ཐེ་རོན་ཕུ་དང་ཕུ་ཅིན་དབར་གྱི་གྲོས་མོལ་མཇུག་སྒྲིལ་རྗེས། དེ་མུར་བྱང་ཆིངས་སྒྲིག་འཛུགས་ཀྱི་དབུ་ཚོགས་སྐོང་འཚོག་བྱ་རྒྱུ་ཡིན་པའི་དབང་གིས། ཡོ་རོབ་ཕྱོགས་ནས། གལ་སྲིད་ཐེ་རོན་ཕུ་དང་ཕུ་ཅིན་གྱི་དབར་གྲོས་ཆོད་གང་རུང་ཞིག་ལ་གྲོས་མཐུན་བྱུང་ཚེ། ཡོ་རོབ་རྒྱལ་ཁབ་ཀྱི་ཁེ་ཕན་རྡོག་རོལ་དུ་བཏང་ནས། ཡོ་རོབ་ཀྱི་བདེ་འཇགས་ལ་གནོད་པ་ཐེབས་བཟོ་ཡོད་པའི་སེམས་ཁྲལ་བྱེད་ཀྱི་ཡོད་པ་རེད།

ཡོ་རོབ་ཕྱི་འབྲེལ་དཔོན་གྱིས། སྨྱན་སྦྱོར་ཚན་པར། ཐེ་རོན་ཕུ་དང་ཕུ་ཅིན་གྱི་གྲོས་མོལ་ལ་གྲ་སྒྲིག་བྱེད་པའི་དུས་རིམ་ཁྲོད་ཡོ་རོབ་རྩ་བ་ནས་སྣང་མེད་དུ་བཏང་བས། ཡོ་རོབ་ནས་གནས་ཚུལ་ངན་པ་ཐོན་རྒྱུར་གྲ་སྒྲིག་བྱ་དགོས། དཔེར་ན། ཐེ་རོན་ཕུས་ཡོ་རོབ་ས་ཁུལ་དུ་བཀག་འཇོག་བྱས་པའི་དམག་དོན་ནང་སྦྱོང་དང་སྤོ་ལོ་ཏིས་རྒྱ་མཚོའི་ཁུལ་གྱི་རྒྱལ་ཁབ་ནས་ཨ་རིའི་དམག་དཔུང་ཕྱིར་འཐེན་བྱས་པ་དེ། ཕུ་ཅིན་དང་བརྗེ་རེས་བྱ་རྒྱུའི་ཚབ་རིན་ཞིག་ལ་བརྩི་གི་ཡོད་ཅེས་ཟུར་གསལ་བྱས་ཡོད་པ་རེད།

སྤྱི་ལོ་༢༠༡༤ལོར། ཨུ་ཁེ་ལན་གྱི་ཉམས་ཉེན་ཐོན་པ་དང་། ཁེ་རི་མེ་ཡ་ཨུ་རུ་སུའི་མངའ་ཁོངས་སུ་བསྡུས་རྗེས། ཡོ་རོབ་དང་ཨ་རི་ཚང་མས་ཨུ་རུ་སུར་ཕྱོགས་ཡོངས་ཀྱི་བཀག་སྡོམ་བྱས་ཡོད་པ་རེད། གལ་སྲིད་ཨ་རི་དང་ཡོ་རོབ་ཀྱི་འབྲེལ་བར་འགྱུར་ལྡོག་ཆེན་པོ་བྱུང་ན། བྱང་ཆིངས་སྒྲིག་འཛུགས་ཀྱི་ནུས་པ་ཞན་དུ་འགྲོ་སྲིད་ལ། དེ་དང་ཆབས་ཅིག ཡོ་རོབ་རྒྱལ་ཁབ་ལ་ཨུ་རུ་སུའི་འབྲེལ་བའི་གནད་དོན་ཐད་རང་དབང་མེད་པར་གྱུར་གྱི་ཡོད།

ཨ་རིའི་ནུབ་རྒྱ་མཚོ་ཆེན་མོའི་ལས་འཛིན་ལྷན་ཚོགས་ཡོ་རོབ་གནད་དོན་གྱི་ཞིབ་འཇུག་པ་བསླབ་པ་རྒན་གྲས་པོ་ཝུ་འར་གྱིས། གལ་སྲིད་ཨ་རི་དང་ཨུ་རུ་སུས་དམག་དོན་ཚོད་འཛིན་གྱི་གནད་དོན་ཁོ་ནར་གྲོས་བསྡུར་བྱས་ན། ཤུགས་རྐྱེན་ཆེན་པོ་དེ་ཙམ་མེད། ཨུ་ཁེ་ལན་གྱི་གནད་དོན་ཐད་གྲོས་མཐུན་བྱུང་ཚེ། ཡོ་རོབ་ལ་སེམས་ཁྲལ་བཟོ་སྲིད། གལ་སྲིད་ཐེ་རོན་ཕུས་ཨུ་རུ་སུའི་བཀག་རྒྱ་གློད་དཀྲོལ་བྱ་རྒྱུ་གཏན་འཁེལ་བྱས་ཚེ། ཡོ་རོབ་མནའ་གྲོགས་དབར་གྱི་འབྲེལ་བར་གཡོ་འགུལ་སྔར་བས་ཆེ་བ་ཐེབས་སྲིད་པའི་སྔོན་དཔག་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།