སྒོ་དབྱེར་སྲུང་སྐྱོབ་དང་ཉོ་ཚོང་ལ་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་དང་འཇར་མན་གྱི་ཐུན་མོང་ཁེ་ཕན་དང་འཚམ་གྱི་ཡོད།
སྤེལ་བའི་དུས་ཚོད། : 2018-07-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༨ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་འཇར་མན་དུ་རེས་འཁོར་ལྔ་པའི་ཀྲུང་གོ་དང་འཇར་མན་སྲིད་གཞུང་གི་གྲོས་མོལ་གཙོ་སྐྱོང་གནང་བར་དང་འཇར་མན་ལ་དངོས་གཞིའི་འཚམས་འདྲི་གནང་བར་ཕེབས་ཡོད། ད་ཐེངས་ཀྱི་འཚམས་འདྲི་འདི་ནི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཚུད་པའི་ཀྲུང་འཇར་གྱི་ཕྱོགས་ཡོངས་མཉམ་ལས་ཀྱི་སྤུས་ཚད་མཐོ་རུ་འགྲོ་རྒྱུ་དང་རིམ་པ་འཕར་རྒྱུར་སྐུལ་འདེད་གཏོང་བའི་འགོ་འཛུགས་ས་གསར་པ་གལ་ཆེན་ཞིག་ལ་གྱུར་རྒྱུ་ཡིན་པ་རེད།

ཀྲུང་འཇར་བར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་ངོ་༤༦སོང་རིང་དང་། ལྷག་པར་དུ་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠སོང་རིང་། རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་གོང་འཕེལ་མྱུར་པོ་ཕྱིན་ཡོད་པ་དང་། སྔར་བྱུང་མྱོང་མེད་པའི་ལེགས་གྲུབ་ལྡན་པའི་གཏམ་རྒྱུད་བྲིས་ཡོད་ཅིང་། ཕྱོགས་གཉིས་པོར་མིག་མཐོང་ལག་འཛིན་གྱི་ཕན་ཁེ་ཐོབ་ཡོད། དེ་ཡང་འཇར་མན་གྱི་ཕྱི་འབྲེལ་སྲིད་ཇུས་སློབ་ཚོགས་ཀྱི་རིགས་གཅིག་མཁས་པ་ཡོས་སེ་ཧྥུ་ པུ་ལ་མུར་གྱིས་གསུངས་པ་ལྟར། ཀྲུང་འཇར་སོགས་ཉོ་ཚོང་རྒྱལ་ཁབ་ཆེན་མོའི་ངོས་ནས་བཤད་ན། རང་མོས་ཉོ་ཚོང་བྱ་རྒྱུ་བྱུང་ན་གཞི་ནས་དཔལ་འབྱོར་གོང་འཕེལ་ལ་ཕན་ཐོགས་ཡོང་ཐུབ། ལོ་མང་རིང་། ཀྲུང་གོ་དང་འཇར་མན་ནི་སྔ་བར་ཕྱི་གསུམ་དུ་གོ་ལ་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་མཁན་དང་ཕན་པ་ཐོབ་མཁན་ཡིན་པ་རེད།

སྤྱི་ལོ་༢༠༡༧ལོར། ཀྲུང་འཇར་གྱི་ཕྱོགས་གཉིས་ཉོ་ཚོང་དངུལ་འབོར་ཨ་སྒོར་དུང་ཕྱུར་༡༦༨༡ཟིན་པ་དེ་སྤྱི་ལོ་༡༩༧༨ལོའི་ལྡབ་༡༠༠ཡིན་པ་དང་། ཀྲུང་གོ་ལོ་གཉིས་བསྟུད་མར་འཇར་མན་གྱི་གོ་ལ་ཧྲིལ་པོའི་ཉོ་ཚོང་རོགས་པ་ཆེ་ཤོས་ལ་གྱུར་ཡོད། ཀྲུང་འཇར་ཕྱོགས་གཉིས་མ་འཇོག་ཀྱང་ཟམ་མི་ཆད་པར་འཕར་སྣོན་འགྲོ་བཞིན་ཡོད། སྤྱི་ལོ་༢༠༡༨ལོའི་ཟླ་ལྔ་པའི་ཟླ་མཇུག་བར་སླེབས་དུས། འཇར་མན་གྱིས་རིམ་རྩིས་བྱས་ན་ཀྲུང་གོར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་༣༠༢ཟིན་ཡོད་པ་དང་། ཀྲུང་གོས་རིམ་རྩིས་བྱས་ན་འཇར་མན་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀའི་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་༡༠༧ཟིན་ཡོད།

ཀྲུང་གོ་ནི་འཇར་མན་ཁེ་ལས་ཀྱི་ཕྱི་རྒྱལ་གྱི་ཁྲོམ་ར་གལ་ཆེ་ཤོས་ཀྱི་གྲས་ཤིག་ཡིན། རགས་རྩིས་བརྒྱབ་པར་གཞིགས་ན། འཇར་མན་གྱི་ཁེ་ལས་ས་ཡ་གསུམ་གྱི་ཆ་སྙོམས་བརྒྱ་ཆ་བདུན་གྱི་བྲིན་ཚོང་དངུལ་འབོར་དང་། འཇར་མན་གྱི་DAXདམིགས་ཚད་ཁེ་ལས་༣༠ཡི་ཆ་སྙོམས་བརྒྱ་ཆ་བཅོ་ལྔའི་བྲིན་ཚོང་དངུལ་འབོར་ཚང་མ་ཀྲུང་གོའི་ཁྲོམ་ར་ནས་ཡོང་གི་ཡོད། འཇར་མན་གྱི་ཕྱིར་གཏོང་ཀ་རྟེན་ལས་རིགས་རླངས་འཁོར་ལས་རིགས་ཀྱི་བརྒྱ་ཆ་༣༠ཙམ་གྱི་བྲིན་ཚོང་དངུལ་འབོར་ཡང་ཀྲུང་གོར་ནས་ཡོང་གི་ཡོད་པ་རེད།

འཇར་མན་གྱི་བཟོ་ཚོང་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲི་ཝེ་ཀྲེས། ལོ་མང་རིང་། འཇར་མན་གྱི་དཔལ་འབྱོར་ནང་དུ་ཀྲུང་གོའི་གལ་ཆེའི་རང་བཞིན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད་ཅེས་གསུངས་པ་དང་། ཁོང་གིས། ཀྲུང་འཇར་དཔལ་འབྱོར་ཉོ་ཚོང་སྒོ་དབྱེ་མཉམ་ལས་ཀྱིས་འཇར་མན་གྱི་དར་རྒྱས་ལ་ལེགས་སྐྱེས་ཕུལ་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཉེ་ཆར། ཉོ་ཚོང་སྲུང་སྐྱོབ་རིང་ལུགས་དང་ཕྱོགས་རྐྱང་པའི་རིང་ལུགས་ཀྱིས་གོ་ལ་ཧྲིལ་པོའི་ཕྱོགས་མང་ཉོ་ཚོང་མ་ལག་ལ་འགྲན་རྩོད་བཟོས་ཡོད་པ་དང་། འཛམ་གླིང་དཔལ་འབྱོར་སླར་གསོ་བྱ་རྒྱུར་ཉེན་ཁ་བཟོས་ཡོད། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་ལས་བྱ་ཨ་ཙེ་ཝེ་ཏོས་ཐ་ཚིག་བཏང་ནས། དཔལ་འབྱོར་མ་ལག་གཙོ་བོའི་བར་གྱི་ཉོ་ཚོང་འབྲེལ་བ་ཆད་པ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འདས་ཟིན་པའི་ལོ་ཤས་རིང་གི་སླར་གསོའི་འཁོར་ལམ་ནས་གྱེས་རྒྱུ་དང་། དཔལ་འབྱོར་འཕར་སྣོན་དང་ལས་ཞུགས་གནས་བབ་ལ་འཇིགས་སྐུལ་བཟོ་སྲིད་ཅེས་གསུངས་ཡོད་པ་རེད།

རྒྱབ་ལྗོངས་འདི་འདྲའི་འོག ཀྲུང་འཇར་ཁག་སོ་སོ་ནི་ཨ་ཤེ་ཡ་དང་ཡོ་རོབ་ཀྱི་སྐམ་ས་ཆེན་མོའི་མཐའ་སྣེ་གཉིས་ཀྱི་དཔལ་འབྱོར་མ་ལག་ཆེ་ཤོས་ཡིན་པའི་ངོས་ནས། ཕྱོགས་གཉིས་སྒོ་དབྱེ་རྒྱ་སྐྱེད་གཏོང་བ་དང་། གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་རྒྱབ་ཚེ། ཐུན་མོང་ཐོག་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོབ་དང་། རང་མོས་ཉོ་ཚོང་ལ་རྒྱབ་སྐྱོར་བྱེད་པའི་དགེ་མཚན་ལྡན་པའི་བརྡ་འཕྲིན་གཏོང་ཐུབ་ངེས་ཡིན་ཞིང་། ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་བྱེད་ཆེད་སྟོབས་ཤུགས་སྣོན་ཐུབ་ངེས་ཡིན་པ་རེད།

འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས། ཀྲུང་འཇར་གྱི་ཕྱོགས་གཉིས་སྒོ་དབྱེ་དང་དངོས་སྒྲུབ་དཔལ་འབྱོར་ཉོ་ཚོང་མཉམ་ལས་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་རྒྱུའི་རེ་བ་ཡོད་པ་རེད།

འདི་ལོ་ཀྲུང་གོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་༤༠འཁོར་བའི་ལོ་ཡིན་པ་དང་། ཀྲུང་གོའི་འགོ་ཁྲིད་པས་པོ་ཨའོ་ཨ་ཤེ་ཡའི་གླེང་སྟེགས་ཀྱི་སྤྱི་ལོ་༢༠༡༨ལོའི་ལོ་ཚོགས་ཐོག་ཀྲུང་གོས་སྒོ་དབྱེ་རྒྱ་སྐྱེད་གཏོང་རྒྱུའི་ཕྱོགས་བཞིའི་ཐད་ཀྱི་བྱེད་ཐབས་ཁྱབ་བསྒྲགས་གནང་ཡོད་པ་དང་། ཀྲུང་གོའི་སྒོ་དབྱེའི་སྒོ་ཆེན་ཇེ་ཆེར་འབྱེད་རྒྱུའི་ཁས་ལེན་གནང་ཡོད། ཀྲུང་གོས་དེ་བས་སྒོ་དབྱེའི་བློ་སྤོབས་ཐོག་ནས་འཛམ་གླིང་ལ་ཕྱོགས་ཏེ། རྒྱལ་ཁབ་ཁག་གི་ཁེ་ལས་ལ་མཉམ་ལས་གོང་འཕེལ་གྱི་གོ་སྐབས་གསར་པ་བསྐྲུན་རྒྱུ་ཡིན་པ་རེད།

ཀྲུང་འཇར་མཉམ་ལས་ཀྱི་ཁྱབ་ཁོངས་གལ་ཆེན་རླངས་འཁོར་ལས་རིགས་ནང་། ཀྲུང་གོས་མ་རྩ་མཉམ་འཇོག་གི་མ་རྐང་བསྡུར་གྲངས་ཀྱི་ཚད་བཀག་ལྷུག་ཏུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཏེ། རྒྱལ་ཁབ་གཉིས་པོའི་རླངས་འཁོར་ལས་རིགས་ཀྱིས་མཉམ་ལས་གཏིང་ཟབ་བྱ་རྒྱུར་གོ་སྐབས་གསར་པ་སྤྲད་ཡོད། འདི་ལོའི་སྤྱི་ཟླ་བདུན་པའི་ཚེས་གཅིག་ཉིན་ནས་བཟུང་། ཀྲུང་གོས་རླངས་འཁོར་ཧྲིལ་པོ་དང་ལྷུ་ལག་ནང་འདྲེན་བྱེད་པའི་སྒོ་ཁྲལ་དམའ་རུ་བཏང་ནས། འཇར་མན་གྱི་རླངས་འཁོར་ལས་རིགས་ལ་སླར་ཡང་ཕན་པ་ཆེན་པོ་བསྐྲུན་རྒྱུ་ཡིན་པ་རེད། འཇར་མན་རླངས་འཁོར་བཟོ་ལས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མ་ཐེ་སིས་ཀྲུང་གོའི་རླངས་འཁོར་ལས་རིགས་ཀྱི་སྲིད་ཇུས་གསར་པར་བསྔགས་བརྗོད་ཆེན་པོ་གནང་བ་དང་། འདི་ནི་ཁྲོམ་ར་སྒོ་དབྱེ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱལ་སྤྱིའི་ཉོ་ཚོང་ལ་ཤུགས་སྣོན་རྒྱག་རྒྱུའི་དགེ་མཚན་ལྡན་པའི་བརྡ་འཕྲིན་ཞིག་ཀྱང་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཁྱོན་ཡོངས་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་རེ་བྱེད་པའི་ཀྲུང་གོས་འཇར་མན་ཚུད་པའི་འཛམ་གླིང་རྒྱལ་ཁབ་ཁག་ལ་དེ་བས་རྒྱ་ཆེ་བའི་ཁྲོམ་ར་དང་། དེ་བས་འདང་ངེས་ཀྱི་མ་རྩ། དེ་བས་ཕུན་སུམ་ཚོགས་པའི་ཐོན་རྫས། དེ་བས་རྩ་ཆེ་བའི་གོ་སྐབས་བཅས་མཁོ་འདོན་བྱ་རྒྱུ་དང་། ཀྲུང་འཇར་མཉམ་ལས་ཀྱང་ཆུ་ཚད་དེ་བས་མཐོ་བ་དང་བང་རིམ་དེ་བས་ཟབ་པའི་ཕྱོགས་སུ་རྒྱ་སྐྱེད་གཏོང་རྒྱུ་ཡིན་པ་རེད།

མིག་སྔར། ཀྲུང་འཇར་རྒྱལ་ཁབ་གཉིས་པོས་རིག་ནུས་བཟོ་སྐྲུན་དང་བཟོ་ལས་དྲ་སྦྲེལ། ནུས་ཁུངས་གསར་པའི་རླངས་འཁོར་སོགས་ཁྱབ་ཁོངས་ནང་སྒུལ་བྱེད་འཕྲུལ་འཁོར་གསར་པ་མཉམ་སྐྲུན་བྱེད་བཞིན་ཡོད་པ་དང་། ས་གནས་མཉམ་ལས་དང་ཁེ་ལས་འབྲིང་ཆུང་གི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་གཏོང་གི་ཡོད་པ། གསར་གཏོད་ཞིབ་བཟོ་དང་ཕྱོགས་གསུམ་པའི་ཁྲོམ་རའི་མཉམ་ལས་འཕེལ་རྒྱས་གཏོང་བཞིན་ཡོད་པ། རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱིས་དེ་བས་ཀྱང་རྒྱལ་ཁབ་གཉིས་པོའི་བཟང་ཆ་ཕན་ཚུན་གསབ་རེས་བྱ་རྒྱུར་གོ་སྐབས་གསར་པ་སྤྲད་ཡོད་པ་རེད།

འཇར་མན་རྒྱལ་ཕྲན་མཉམ་འབྲེལ་ཕྱི་ཕྱོགས་ཉོ་ཚོང་དང་མ་འཇོག་ལས་ཁུངས་དང་། འཇར་མན་བཟོ་ཚོང་ཚོགས་ཆེན་གྱིས་མཉམ་འབྲེལ་ཐོག་ཞིབ་འཇུག་སྙན་ཞུ་ཡོངས་བསྒྲགས་བྱས་པའི་ནང་། རྒྱུད་གཅིག་ལམ་གཅིག་ནི་འབྱུང་འགྱུར་གོ་ལ་ཧྲིལ་པོ་ཅན་གྱི་གལ་ཆེའི་སྐུལ་འདེད་སྟོབས་ཤུགས་ལ་གྱུར་རྒྱུ་དང་། དེས་འགྲམ་རྒྱུད་རྒྱལ་ཁབ་ཀྱི་ཉོ་ཚོང་ལ་སྟབས་བདེ་བསྐྲུན་པ་མ་ཟད། འཇར་མན་སོགས་ཚུད་པའི་རྒྱལ་ཁབ་ཁག་གི་ཁེ་ལས་ལ་ཡང་ཚོང་ལས་གོ་སྐབས་མང་པོ་བསྐྲུན་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།