ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཆེས་རྒྱུད་གཅིག་ལམ་གཅིག་ལ་འཛམ་གླིང་བསྐྱར་འཛུགས་ཀྱི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད།
སྤེལ་བའི་དུས་ཚོད། : 2018-07-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༩ཉིན་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་དྲུང་ཆེ་ཀའེ་ཐེ་ཡི་པེ་ཅིང་དུ། ལོ་རྒྱུས་ཐོག་ཤར་ནུབ་འབྲེལ་མཐུད་བྱས་པའི་དར་གོས་ཚོང་ལམ་དེ་དེང་རབས་ཅན་གྱི་འཛམ་གླིང་ལ་སུབ་ཐབས་མེད་པའི་ལེགས་སྐྱེས་འབུལ་ཡོད་པ་དང་། ད་ལྟའི་དུས་སུ་ཀྲུང་གོས་བཏོན་པའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོར་ཡང་འཛམ་གླིང་བསྐྱར་འཛུགས་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ལྡན་ཡོད་ཅེས་གསུངས་ཡོད་པ་རེད།

ཀའེ་ཐེ་ཡིས། རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་ནི་གསོན་ཤུགས་དང་ལྡན་པའི་དཔལ་འབྱོར་འཆར་གཞི་ཞིག་ཁོ་ན་མ་ཡིན་པར། དུས་རབས་མང་པོ་ཞིག་ལ་མཚམས་ཆད་པའི་ལོ་རྒྱུས་འཕེལ་རིམ་ལ་སླར་གསོ་བྱས་པ་ཞིག་ཡིན། འཕེལ་རིམ་དེས་དཔལ་འབྱོར་མཉམ་ལས་བྱ་རྒྱུར་རྩ་བ་འཛུགས་པ་མ་ཟད། རིག་གནས་སྤེལ་རེས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ཡོད་ཅེས་གསུངས་ཡོད།

ཀེ་ཐེ་ཡིས་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་སྲོལ་རྒྱུན་མཛའ་གྲོགས་དང་འབྱུང་འགྱུར་གྱི་མཉམ་ལས་གོང་འཕེལ་གྱི་མི་མངོན་པའི་ནུས་པར་ཚད་མཐོའི་གདེང་འཇོག་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་གྲོས་འགོ་དང་ཨ་རབ་རྒྱལ་ཁབ་ཀྱི་གོང་འཕེལ་འཆར་གཞི་དང་མཐུན་གྱི་ཡོད་ཅེས་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།