བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་ཀྱིས་ལོ་རྒྱུས་ཐོག་གི་མཇལ་མོལ་ཐོག་མ་དེ་གནང་ལ་ཉེ་བ།
སྤེལ་བའི་དུས་ཚོད། : 2018-06-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཚེས་༡༠ཉིན་བྱང་ཁོ་རེ་ཡའི་ཆེས་མཐོའི་དབུ་ཁྲིད་ཅིན་ཀྲེང་ཨེན་དང་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་གཉིས་སྔ་རྗེས་སུ་སིང་ཀ་ཕོར་དུ་འབྱོར་ཡོད་ཅིང་། དབུ་ཁྲིད་གཉིས་པོས་སྤྱི་ཚེས་༡༢ཉིན་གྲོས་མོལ་གནང་རྒྱུ་གཏན་འཁེལ་བྱུང་འདུག

  དབྱེ་ཞིབ་མི་སྣས་བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་པའི་གྲོས་མོལ་དེ་ནི་འགལ་རྐྱེན་ཐེངས་འགའ་བརྒྱུད་ཀྱང་སྔར་བཞིན་སྐུལ་འདེད་གཏོང་ཁག་པོ་ཡིན། དེའི་ཐོག་ནས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་ཀྱི་བྱེད་ཐབས་དང་ཞི་བདེའི་སྒོ་ནས་བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་ཐག་གཅོད་ཐུབ་རེ་བྱེད་པ་མཚོན་ཡོད། ཡིན་ནའང་བྱང་ཁོ་རེ་ཡ་དང་ཨ་རི་གཉིས་པོའི་བར་ལ་ཕན་ཚུན་ཡིད་ཆེས་བྱེད་ཚད་ཆུང་ཆུང་ཡིན་པའི་དབང་གིས་དབུ་ཁྲིད་པའི་གྲོས་མོལ་ཐེངས་གཅིག་གིས་གནད་དོན་ཡོད་ཚད་ཐག་གཅོད་བྱེད་ཁག་པོ་ཡིན་ལ། ཕྱེད་གླིང་ཕྲན་དེ་དངོས་སུ་ཞི་བདེའི་འཕེལ་རིམ་དུ་བསྐྱོད་རྒྱུ་དེར་སྔར་བཞིན་དཀའ་ཚེགས་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་བཞིན་ཡོད།

  ད་ཐེངས་ཀྱི་བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་པའི་གྲོས་མོལ་གྱི་གྲོས་དོན་གཙོ་བོ་ནི་ཕྱེད་གླིང་ཕྲན་ཉིང་རྡུལ་མེད་པ་ཅན་དང་ཨ་རིས་བྱང་ཁོ་རེ་ཡའི་ལམ་ལུགས་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུའི་ཐོག་གཅིག་བསྡུས་བྱས་ཡོད་པ་རེད། ཨ་རིའི་རིག་མཛོད་ལྷོ་ཁོ་རེ་ཡའི་དཔལ་འབྱོར་ཞིབ་འཇུག་ཁང་གི་དབྱེ་ཞིབ་པ་ཕེ་ལི་ཨའེ་ཡིས་ཨ་རི་དང་བྱང་ཁོ་རེ་ཡས་གལ་སྲིད་ཞི་བདེའི་གྲོས་ཆོད་འཇོག་རྒྱུའི་ཐད་ལ་གྲོས་མཐུན་བྱུང་ཚེ། དེ་ནི་ཕྱོགས་ཁག་གི་མུ་མཐུད་དེ་ཕྱི་འབྲེལ་བྱེད་ཐབས་ལ་བརྟེན་ནས་ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་འདུག

  དབྱེ་ཞིབ་མི་སྣས་བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་པའི་གྲོས་མོལ་མིག་སྔའི་བར་འདིར་སྐུལ་འདེད་གཏོང་ཐུབ་པ་དེའི་ཐོག་ནས་ཕྱོགས་གཉིས་པོས་སྐད་ཆ་ཤོད་རེས་ཀྱི་ཐབས་ལམ་ལ་བརྟེན་ནས་བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་ཐག་གཅོད་ཐུབ་རྒྱུའི་རེ་བ་བཅངས་བཞིན་པ་མཚོན་གྱི་ཡོད་ཅེས་བསྟན་ཡོད།

  བྱང་ཁོ་རེ་ཡའི་ཕྱོགས་ནས་བལྟས་ཚེ། ད་ལོར་སྐོང་ཚོགས་བྱས་པའི་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་གི་སྐབས་བདུན་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་གོང་འཕེལ་འཐབ་ཇུས་ལེགས་སྒྲིག་བྱས་ནས། སྟོབས་ཤུགས་ཡོད་ཚད་གཅིག་ཏུ་སྒྲིལ་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུའི་ཐག་གཅད་ཡོད་པ་རེད། ཅི་ལིན་སློབ་གྲྭ་ཆེན་མོའི་སྲིད་འཛིན་སློབ་གླིང་གི་རྒྱལ་སྤྱིའི་ཆབ་སྲིད་ཚན་ཁག་གི་དགེ་རྒན་ཆེན་མོ་བ་ཝང་ཧྲེང་གིས་བྱང་ཁོ་རེ་ཡའི་རྒྱལ་ནང་དཔལ་འབྱོར་འཛུགས་སྐྱོང་བྱེད་པའི་དམིགས་འབེན་དེ་ནི་བདེ་འཇགས་བརྟན་ལྷིང་གི་རྒྱལ་སྤྱིའི་ཁོར་ཡུག་དང་ཁ་བྲལ་ཐབས་མེད། དེར་བརྟེན། ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དམག་འཐབ་རྣམ་པ་གང་མགྱོགས་མཇུག་སྒྲིལ་རྒྱུ་དང་། ཨ་རིའི་ཕྱོགས་ཀྱིས་ཁས་ལེན་བྱས་པའི་ལམ་ལུགས་བདེ་འཇགས་འགན་སྲུང་ཐུབ་རྒྱུ། དེ་བཞིན་དུ་འབྲེལ་ཡོད་རྒྱལ་ཁབ་དང་འབྲེལ་བ་རྒྱུན་ལྡན་ཅན་དུ་འགྱུར་བ་བྱ་རྒྱུ་བཅས་ནི་བྱང་ཁོ་རེ་ཡའི་ཕྱོགས་ཀྱི་དོ་ཁུར་ཆེ་ཤོས་བྱེད་ཡུལ་དུ་གྱུར་ཡོད། བྱང་ཁོ་རེ་ཡ་དང་ཨ་རིའི་དབུ་ཁྲིད་པའི་གྲོས་མོལ་ནི་བྱང་ཁོ་རེ་ཡས་རེ་ཞུ་དེ་དག་མངོན་འགྱུར་ཐུབ་པ་བྱེད་པའི་གོམ་སྟབས་གལ་ཆེན་ཞིག་ཡིན་ཞེས་གསུངས་ཡོད།

  ཨ་རིའི་ཕྱོགས་ནས་བལྟས་ཚེ། ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་མེད་པ་ཅན་གྱི་གནད་དོན་དེ་ནི་ཨ་རིའི་རྒྱལ་ཁབ་བདེ་འཇགས་ལ་ཐུག་ཡོད། གལ་སྲིད་བྱང་ཁོ་རེ་ཡ་དང་ཕྱེད་གླིང་ཕྲན་གྱི་ཉིང་རྡུལ་མེད་པ་ཅན་གྱི་གྲོས་མཐུན་འཇོག་ཐུབ་ཚེ། དེ་ནི་ཐེ་རོན་ཕུས་འགན་གནས་འཁུར་རིང་གི་ཕྱི་འབྲེལ་གྲུབ་འབྲས་གལ་ཆེ་ཤོས་ཤིག་ཡིན་པས་ཐེ་རོན་ཕུ་ལ་འདེམ་དམངས་ཀྱི་རྒྱབ་སྐྱོར་ཐུབ་རྒྱུར་ཕན་ཐོགས་ཡོད་ལ། ཐེ་རོན་ཕུས་འབྱུང་འགྱུར་འགན་གནས་བསྟུད་འཛིན་ཐུབ་རྒྱུར་ཡང་ཕན་ཐོགས་ཡོད་པ་རེད།

  དབྱེ་ཞིབ་མི་སྣས་བྱང་ཁོ་རེ་ཡ་དང་ཨ་རིས་གང་འདྲ་བྱས་ནས་ཕྱེད་གླིང་ཕྲན་ཉིང་རྡུལ་མེད་པ་ཅན་སོགས་ཀྱི་གྲོས་དོན་གཙོ་བོའི་ཐད་ཀྱི་འགལ་ཟླ་ནི་རྒྱལ་ཁབ་གཉིས་པོས་འགོག་རྐྱེན་གཙོ་བོ་སེལ་རྒྱུ་དེ་ཡིན་ཞེས་བསྟན་འདུག

  ཨ་རིས་བྱང་ཁོ་རེ་ཡས་སྔོན་ལ་ཡོངས་རྫོགས་དང་བཤེར་འཐུས། ལྡོག་མེད་བཅས་ཀྱི་སྒོ་ནས་ཉིང་རྡུལ་འདོར་རྒྱུ་དང་དེ་རྗེས་ཨ་རིའི་ཕྱོགས་ནས་བྱང་ཁོ་རེ་ཡར་བཀག་སྡོམ་མེད་པ་བཟོ་རྒྱུའི་བླང་བྱ་བཏོན་ཡོད། བྱང་ཁོ་རེ་ཡའི་ཕྱོགས་ནས་ཕྱེད་གླིང་ཕྲན་དུ་དུས་མཚམས་རང་བཞིན་དང་གོམ་པ་མཉམ་བགྲོད་ཀྱི་བྱེད་ཐབས་ཐོག་ནས་ཉིང་རྡུལ་མེད་པ་ཅན་གྱི་འདོད་ཚུལ་བཟུང་ཡོད།

  ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་དང་འཛམ་གླིང་ཧྲིལ་པོའི་འཐབ་ཇུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཝང་ཅུན་ཧྲེང་གིས་ཕྱོགས་གཅིག་ནས་ཨ་རིས་རེ་སྒུག་བྱེད་པའི་བྱང་ཁོ་རེ་ཡས་དུས་ཐུང་ནང་ཉིང་རྡུལ་དོར་རྒྱུ་དང་བྱང་ཁོ་རེ་ཡའི་འདོད་ཚུལ་གཙོ་བོ་དུས་མཚམས་ཕྱེ་ནས་ཉིང་རྡུལ་དོར་རྒྱུའི་བར་ལ་ཧེ་བག་མངོན་གསལ་དོད་པོ་ལྡན་ཡོད། ཕྱོགས་གཞན་ཞིག་ནས་ཨ་རིས་ཐོག་མཐའ་བར་གསུམ་དུ་འཛིན་པའི་འདོད་ཚུལ་སྔོན་ལ་ཉིང་རྡུལ་དོར་རྒྱུ་དང་དེ་རྗེས་བདེ་འཇགས་འགན་སྲུང་གྲོས་མོལ་བྱེད་པ་དང་བྱང་ཁོ་རེ་ཡས་གོམ་པ་མཉམ་བགྲོད་ཀྱི་བྱེད་ཐབས་རེ་བ་བཅངས་པའི་བར་ལ་ཧེ་བག་ཅུང་ཆེ་ཙམ་ཡོད་ཅེས་གསུངས་པ་རེད།

  ཕེ་ལི་ཨའེ་ཡིས་མིག་སྔར་ཨ་རི་དང་བྱང་ཁོ་རེ་ཡས་ཉིང་རྡུལ་དོར་རྒྱུའི་བྱེད་ཐབས་ཐད་སྔར་བཞིན་འགལ་ཟླ་ཆེན་པོ་ལྷག་ཡོད། དེར་བརྟེན་དབུ་ཁྲིད་པས་གྲོས་མོལ་གནང་རུང་འབྲེལ་ཡོད་གྲོས་ཆོད་ལ་གྲོས་མཐུན་འཇོག་ཐབས་བྲལ་བ་དང་། ཕྱོགས་གཉིས་པོས་མུ་མཐུད་དེ་མཐོ་རིམ་རིམ་པའི་འབྲེལ་བ་བྱེད་རྒྱུའི་མོས་མཐུན་བྱ་སྲིད་པའི་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

  དབྱེ་ཞིབ་མི་སྣས་ཐེ་རོན་ཕུའི་ཉེ་དུས་ཀྱི་ལྟ་ཚུལ་ལས་ཁོང་གི་རྣམ་འགྱུར་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། བྱང་ཁོ་རེ་ཡ་དང་འབྲེལ་བ་བྱེད་རྒྱུ་དེ་ནི་བརྒྱུད་རིམ་ཞིག་ཡིན་པའི་ངོས་འཛིན་ཐུབ་པ་དང་། བྱང་ཁོ་རེ་ཡའི་ཉིང་རྡུལ་གནད་དོན་དེ་ནི་གྲོས་མོལ་ཐེངས་གཅིག་གི་ཐག་གཅོད་བྱེད་ཐབས་བྲལ་བའི་ངོས་འཛིན་ཐུབ་ཡོད་པ་རེད།

  ཨ་རིའི་ཁ་ནཱ་ཅི་རྒྱལ་སྤྱིའི་ཞི་བདེའི་ཐེབས་རྩ་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པའོ་ཏའོ་ཀེས་དབུ་ཚོགས་ཐེངས་གཅིག་གིས་ཨ་རི་དང་བྱང་ཁོ་རེ་ཡའི་བར་ལ་རང་ངོས་རེ་ཞུ་མངོན་འགྱུར་བྱེད་ཐབས་བྲལ་མོད། འོན་ཀྱང་ཕྱོགས་ཁག་གི་ཐོག་ནས་བྱང་ཁོ་རེ་ཡ་དེ་ཡང་དག་པའི་ཁ་ཕྱོགས་སུ་བསྐྱོད་པ་མཐོང་ཐུབ་ཀྱི་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་དེ་བས་མང་བའི་འབྲེལ་བ་བྱས་ཏེ་ཞིབ་ཕྲའི་གནད་དོན་ཐག་གཅོད་ཐུབ་པ་བྱེད་དགོས་ཞེས་གསུངས་འདུག

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།