ཨ་རི་ཕྱིར་འཐེན་བྱས་པ་དེས་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ལ་ཤུགས་རྐྱེན་ཐེབས་སྲིད་དམ།
སྤེལ་བའི་དུས་ཚོད། : 2018-05-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིས་ཉེ་དུས་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ལས་ཕྱིར་འཐེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་དང་། དེ་ཆུའི་ནང་དུ་རྡོ་ཆེན་དབྱུག་པ་ལྟར་སྤྱི་ཚོགས་སྟེང་ལན་ཆ་ཆེན་པོ་བྱུང་ཡོད། གཤམ་ལ་ང་ཚོས་གྲོས་ཆོད་དེ་ཨ་རི་ཕྱིར་འཐེན་བྱས་པའི་དབང་གིས་ཤུགས་རྐྱེན་ཐེབས་མིན་དང་། གྲོས་ཆོད་དེའི་གོང་འཕེལ་མདུན་ལྗོངས་གང་འདྲ་ཡིན་མིན་ཐད་དབྱེ་ཞིབ་བྱ་རྒྱུ་ཡིན།

ཨ་རི་གྲོས་ཆོད་ནས་ཕྱིར་འཐེན་བྱས་པ་དེས། དབྱི་རན་ཉིང་རྡུལ་གྲོས་ཆོད་ལག་བསྟར་བྱེད་པའི་རྒྱལ་སྤྱིའི་གཅིག་གྱུར་བྱ་སྤྱོད་ལ་གཏོར་བཤིག་བཏང་བ་དང་། ཚད་གཞི་ངེས་ཅན་ཞིག་གི་ཐོག་ཁྱོན་ཡོངས་གྲོས་ཆོད་ཀྱི་ཆ་ཚང་རང་བཞིན་དང་གཟབ་ནན་རང་བཞིན་ལ་གཏོར་བཤིག་བཏང་ཡོད། དེ་ལྟར་ཡིན་རུང་། དབྱི་རན་གྱིས། ཁེ་ཕན་འགན་སྲུང་ཐུབ་པའི་དབང་དུ་བཏང་ན། མུ་མཐུད་གྲོས་ཆོད་ལ་བརྩི་སྲུང་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། གྲོས་ཆོད་ལ་མིང་རྟགས་བཀོད་པའི་རྒྱལ་ཁབ་སྟེ། དབྱིན་ཇེ་དང་། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ། ལྗར་པན་སོགས་ཀྱིས་ཀྱང་མུ་མཐུད་གྲོས་ཆོད་ལག་བསྟར་བྱ་རྒྱུ་བསྟན་ཡོད། བྱས་ཙང་། མིག་སྔའི་བར་དབྱི་རན་ཉིང་རྡུལ་གྲོས་ཆོད་སྔར་བཞིན་ནུས་ལྡན་ཞིག་ཡིན།

འོན་ཀྱང་ཁས་ལེན་དགོས་པ་ཞིག་ལ། མིག་སྔར་རྒྱུ་རྐྱེན་ཁག་ཅིག་གིས་ཁྱོན་ཡོངས་གྲོས་ཆོད་ལག་བསྟར་ལ་དཀའ་ངལ་བཟོས་ཡོད།

དང་པོ། དབྱི་རན་གྱིས་གྲོས་ཆོད་དེ་མུ་མཐུད་བརྩི་སྲུང་ཞུ་རྒྱུའི་སྔོན་འགྲོ་ནི་ཁོ་ཚོའི་ཁེ་ཕན་ལ་འགན་སྲུང་བྱེད་དགོས་པ་དེ་ཡིན། དེའི་ཐོག་ནས། ཨ་རི་ཕུད། དབྱི་རན་ཉིང་རྡུལ་གྲོས་ཆོད་ལ་མིང་རྟགས་བཀོད་མཁན་རྒྱལ་ཁབ་གཞན་ཁག་གིས་མུ་མཐུད་གྲོས་ཆོད་ཀྱི་འབྲེལ་ཡོད་གཏན་འབེབ་ལ་གཞིགས་ཏེ། དབྱི་རན་ལ་བཀག་འདོམས་མི་བྱེད་པའི་སྲིད་ཇུས་མུ་མཐུད་རྒྱུན་མཐུད་བྱེད་དགོས་པ་དང་། མུ་མཐུད་དབྱི་རན་དང་ཉོ་ཚོང་དང་མ་འཇོག་ཐད་ཀྱི་མཉམ་ལས་བྱེད་དགོས་པ། དབྱི་རན་ལ་གྲོས་ཆོད་ལག་བསྟར་བྱས་པ་ལས་ཐོབ་འོས་པའི་ཁེ་ཕན་ཐམས་ཅད་ཐོབ་དུ་བཅུག་དགོས་པ་མཚོན་ཡོད།

དོན་དངོས་ཐོག དབྱི་རན་ཉིང་རྡུལ་གྲོས་ཆོད་ཀྱི་གནད་དོན་ཐད། དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སུ། ཀྲུང་གོ། ལྗར་པན་བཅས་ཚང་མས་དབྱི་རན་གྱིས་རང་སོའི་ཁེ་ཕན་སྲུང་བའི་རེ་བར་བསམ་ཤེས་བྱེད་ཐུབ་ཀྱི་ཡོད། ཡོ་རོབ་གླིང་གི་རྒྱལ་ཁབ་གཞན་གྱིས་ཨ་རིའི་གནོན་ཤུགས་འགོག་ཏེ། མུ་མཐུད་དབྱི་རན་དང་རྒྱུན་ལྡན་གྱི་དཔལ་འབྱོར་འགྲོ་འོང་བྱེད་ཐུབ་མིན་གཞི་ནས་དོན་དེའི་གནད་འགག་ལ་ཐུག་ཡོད། ༢༠༡༥ལོར་དབྱི་རན་ཉིང་རྡུལ་གྲོས་ཆོད་ལ་མིང་རྟགས་བཀོད་པ་ནས་བཟུང་། ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་རན་ནས་ནུས་ཁུངས་ནང་འདྲེན་བྱེད་རྒྱུ་ཤུགས་ཆེར་བཏང་བ་དང་། ཡོ་རོབ་གླིང་ཀུང་སེས་དབྱི་རན་ལ་མ་འཇོག་བྱེད་ཚད་དང་ཚོང་ལས་བྱེད་སྒོ་སྤེལ་ཚད་མངོན་གསལ་འདོད་པོས་མང་དུ་ཕྱིན་ཡོད། འོན་ཀྱང་ཨ་རིས་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ནས་ཕྱིར་འཐེན་བྱས་པ་དང་དུས་མཚུངས་དབྱི་རན་ལ་བཀག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐག་བཅད་ཡོད།

དབྱི་ཞིབ་མི་སྣས། གལ་ཏེ་ཡོ་རོབ་གླིང་རྒྱལ་ཁབ་སྲིད་གཞུང་ཁག་ནས་རང་རྒྱལ་ཁབ་ཀྱི་ཁེ་ལས་ཀྱིས་དབྱི་རན་དབར་ཚོང་རྒྱག་པར་ཨ་རིའི་ཉེས་བཅད་མི་ཕོག་པ་འགན་ལེན་བྱེད་མི་ཐུབ་པ་ཡིན་ན། ཡོ་རོབ་གླིང་གི་ཁེ་ལས་དེ་ཚོས་དབྱི་རན་དང་ཉོ་ཚོང་དང་མ་འཇོག་མཉམ་ལས་གསར་པ་བྱེད་མི་སྲིད་ཅིང་། ཐ་ན་ཕྱོགས་གཉིས་པོའི་བར་གྲོས་མཐུན་བྱུང་ཟིན་པའི་མཉམ་ལས་གན་རྒྱ་ཡང་རྩིས་མེད་དུ་གཏོང་བཟོ་ཆེ། གནས་ཚུལ་དེ་ལྟ་བུའི་འོག དབྱི་རན་ལ་ཐོབ་པའི་ཁེ་ཕན་ཆུང་དུ་འགྲོ་སྲིད་པ་དང་། མུ་མཐུད་གྲོས་ཆོད་བརྩི་སྲུང་ཞུ་བའི་འདུན་པ་ཡང་དེ་བསྟུན་གྱིས་མེད་པར་འགྱུར་སྲིད་པའི་ངོས་འཛིན་བྱས་འདུག

དབྱི་ཞིབ་པས། ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་རང་རྒྱལ་ཁབ་ཀྱི་ཁེ་ལས་ལ་ཨ་རིའི་ཉེས་བཅད་མི་ཕོག་པ་བྱེད་དགོས་ན། བདམས་ཀ་གཉིས་ཡོད། དེ་ཡང་གཅིག་ནི་ཁྲིམས་བཙུགས་བརྒྱུད་རང་རྒྱལ་ཁབ་ཀྱི་ཁེ་ལས་ལ་སྲུང་སྐྱོབ་བྱེད་དགོས། གཉིས་ནི་ཨ་རི་སྲིད་གཞུང་དང་དབྱེན་འབྱེད་གྲོས་མོལ་བྱས་ཏེ། ཡོ་རོབ་གླིང་གི་འབྲེལ་ཡོད་ཁེ་ལས་ལ་བཀག་སྡོམ་མི་བྱེད་རྒྱུའི་རེ་བ་བཏོན་དགོས། དབྱི་རན་ཉིང་རྡུལ་གྲོས་ཆོད་དེ་ཉིད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཞིབ་བཤེར་ཁས་ལེན་ཐོབ་པ་བརྒྱུད། རྒྱལ་ཁབ་ཁག་གི་དེ་གར་ཡོད་པའི་ཁེ་ཕན་ལ་སྲུང་སྐྱོབ་ཐོབ་དགོས་པ་ལུགས་མཐུན་ཡིན་ཞེས་བསྟན་ཡོད།

གཞན་ཡང་། དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་མུ་མཐུད་རྒྱུན་འཁྱོངས་ཐུབ་མིན་ནི་དབྱི་རན་གྱི་རྒྱལ་ནང་ཆབ་སྲིད་གོང་འཕེལ་མདུན་ལྗོངས་དང་ཡང་འབྲེལ་བ་ཡོད་པ་ཞིག་རེད།

ཨ་རི་དབྱི་རན་གྱི་ཉིང་རྡུལ་གྲོས་ཆོད་ནས་ཕྱིར་འཐེན་བྱས་པའི་རྐྱེན་གྱིས། རྒྱལ་ནང་མཁྲེགས་བཟུང་ཤོག་ཁག་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉིར་གནོན་ཤུགས་ཆེན་པོ་སྤྲད་ཡོད། ལུའུ་ཧ་ཉིས་གནོན་ཤུགས་ཐེགས་ཐུབ་མིན་དེ་ཡོ་རོབ་གླིང་རྒྱལ་ཁབ་ཀྱིས་དབྱི་རན་་མུ་མཐུད་གྲོས་ཆོད་དེའི་ནང་སྡོད་དུ་བཅུག་པའི་འགན་ལེན་བྱེད་མིན་ལ་ར་ལུས་ཡོད།

གནས་ཚུལ་སྤེལ་བར་གཞིགས་ན། དབྱི་རན་གྱི་གྲོས་མི་བརྒྱ་ལྷག་གིས་གྲོས་གཞི་དེའི་སྟེང་མིང་རྟགས་བཀོད་ཟིན་པ་དང་། གྲོས་གཞི་དེས་སྲིད་གཞུང་ལ་ཡོ་རོབ་བའི་ས་ནས་དགོས་ངེས་ཀྱི་འགན་ལེན་ཐོབ་རྒྱུར་དུས་བཀག་བཟོས་ཟིན་པ་དང་། འགན་ལེན་དེ་འདྲ་མེད་ན། དབྱི་རན་གྱིས་ཡང་བསྐྱར་གར་ཚད་མཐོ་བའི་ཡེའུ་ཉིང་བསྡུས་བྱེད་རྒྱུ་ཡིན་པ་རེད།

ད་ཡོད་ཀྱི་དབྱི་རན་ཉིང་རྡུལ་གྲོས་ཆོད་ལས་སླ་པོར་ཐོབ་པ་ཞིག་མ་ཡིན། དེར་བང་རིམ་ཁག་གིས་དབྱེན་འབྱེད་གྲོས་མོལ་ཐེངས་མང་བྱས་པ་དང་། ལོ་ངོ་བཅུ་ཕྲག་གི་དུས་ཚོད་བེད་སྤྱད་པ། རྒྱལ་ཁབ་མང་པོའི་ཉིང་རྡུལ་དང་། ཉོ་ཚོང་། བཀག་སྡོམ། བཅའ་ཁྲིམས་སོགས་ཁྱབ་ཁོངས་ཀྱི་རིག་གཅིག་མཁས་པ་རྩེ་གྲ་མང་པོ་མཉམ་ཞུགས་མཉམ་གྲོས་བྱས་པ་ལས་བྱུང་བ་ཞིག་ཡིན་པས། ཕྱོགས་ཁག་གིས་དབྱི་རན་ཉིང་རྡུལ་གནད་དོན་ཐག་གཅོད་ཆེད་བཏོན་པའི་ཐབས་ཤེས་ཡག་ཤོས་ཡིན་ཞེས་བརྗོད་ཆོག

འོན་ཀྱང་མིག་སྔའི་གནས་ཚུལ་ནས་བལྟས་ན། ད་ཡོད་ཀྱི་དབྱི་རན་ཉིང་རྡུལ་གྲོས་ཆོད་ལ་བཟོ་བཅོས་སམ་ཡང་ན་གྲོས་ཆོད་གསར་པ་ཞིག་འདིང་དགོས་བསམ་པ་ལས་སླ་པོ་ཤིག་གཏན་ནས་མ་ཡིན།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་དེ་སྔོན། དབྱི་རན་གྱི་ཉིང་རྡུལ་གནད་དོན་ལ་དམིགས་ཏེ། ཁོང་ནས་གྲོས་ཆོད་གསར་པ་ཞིག་འཇོག་རྒྱུར་སྒོ་དབྱེ་ཁོག་ཡངས་ཀྱི་རྣམ་འགྱུར་འཛིན་ཡོད་ཚུལ་བསྟན་མྱོང་། འོན་ཀྱང་དབྱི་རན་གྱིས་དོན་དེའི་ཐད། ད་ཡོད་ཀྱི་དབྱི་རན་ཉིང་རྡུལ་གནད་དོན་ལ་གྲོས་བསྡུར་བྱེད་དགོས་ས་གང་ཡང་མེད་པ་གསལ་བཏོན་བྱས་ཤིང་། གྲོས་ཆོད་གསར་པ་འཇོག་རྒྱུར་དབྱི་རན་གྱིས་དེ་བས་ཀྱང་མོས་མཐུན་བྱེད་ཀྱི་མེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།