ཀུའུ་ཐེ་ལེའི་སིས་དབྱི་རག་གིས་རྒྱལ་དམངས་གྲོས་ཚོགས་སྐོང་ཚོགས་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་གནང་བ།
སྤེལ་བའི་དུས་ཚོད། : 2018-05-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༣ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེའི་སིས་ཁོང་གི་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས། དབྱི་རག་གིས་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོ་བྱས་པར་བཀྲ་ཤིས་བདེ་ལེགས་ཞུས་ཡོད།

གསལ་བསྒྲགས་ནང་། ད་ཐེངས་ཀྱི་འདེམས་བསྐོའི་ཐོག་ནས་དབྱི་རག་གིས་ཐལ་བསྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བ་ཕམ་ཉེས་བཏང་རྗེས་དམངས་གཙོ་འཛུགས་སྐྱོང་གི་འཕེལ་རིམ་ནང་མུ་མཐུད་ཡར་རྒྱས་ཕྱིན་པ་ཞིག་ཡིན་ཞེས་དང་། ཀུའུ་ཐེ་ལེའི་སིས། དབྱི་རག་གི་ཆབ་སྲིད་མི་སྣ་དང་དེ་རྒྱབ་སྐྱོར་བྱེད་མཁན་གྱིས་འཕེན་ཤོག་ལ་རྩིས་བརྒྱབ་པའི་བརྒྱུད་རིམ་ནང་ཞི་བདེ་སྲུང་སྐྱོབ་བྱ་དགོས་པའི་རེ་འབོད་གནང་ཡོད།

ཁོང་གིས་ད་དུང་དབྱི་རག་གི་ཆབ་སྲིད་མི་སྣས་ཁྲིམས་ལུགས་ཀྱི་ཐབས་ལམ་བརྒྱུད་འདེམས་བསྐོའི་རྩོད་གཞི་ཐག་གཅོད་བྱ་དགོས་པ་དང་གང་མགྱོགས་ཁོང་ཡངས་རང་བཞིན་གྱི་སྲིད་གཞུང་འཛུགས་དགོས་པའི་སྐུལ་མ་གནང་ཡོད། གསལ་བསྒྲགས་ནང་ད་དུང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དེའི་ཐད་དབྱི་རག་སྲིད་གཞུང་དང་མི་དམངས་ལ་རོགས་རམ་བྱ་འདོད་ཡོད་ཅེས་གསུངས་ཡོད། དབྱི་རག་གི་རྒྱལ་དམངས་གྲོས་ཚོགས་ཀྱི་འདེམས་བསྐོ་དེ་སྤྱི་ཚེས་༡༢ཉིན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།