སི་རི་ཡར་དམག་འཐབ་ཀྱི་སྤྲིན་ནག་འཚུབ་ཅིང་ཨ་རི་དང་ཨུ་རུ་སུའི་བར་རྩོད་གླེང་བྱས་པ།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སི་རི་ཡའི་ཏུང་ཀུ་ཐ་ས་ཁུལ་དུ་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་བྱས་པར་གཞིགས་ནས་ཕྱོགས་ཁག་གི་འགྲན་རྩོད་ཤུགས་ཆེར་ཆེན་ཡོད། སྤྱི་ཚེས་༡༡ཉིན་དབྱིན་ཇེ་དང་ཧྥ་རན་སི་མནའ་གྲོགས་སྒྲིག་ཏེ་སི་རི་ཡར་མཉམ་འབྲེལ་བྱ་སྤྱོད་བཟུང་རྗེས། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཨུ་རུ་སུར་སི་རི་ཡར་བྱ་སྤྱོད་སྤེལ་རྩིས་ཡོད་ཅེས་བཤད་པ་དང་། ཨུ་རུ་སུས་ཕྱོགས་གཅིག་ནས་ཨ་རི་དང་རྩོད་གླེང་བྱས་པ་དང་། ཕྱོགས་གཞན་ཞིག་ནས་འབྲེལ་ཡོད་དམག་དོན་བཀོད་སྒྲིག་གང་མགྱོགས་བྱེད་བཞིན་ཡོད།

དབྱེ་ཞིབ་མི་སྣས། སི་རི་ཡའི་དུས་བབ་དང་རང་ངོས་ཀྱི་འཐབ་ཇུས་ཁེ་ཕན་ལ་བསམ་གཞིགས་བྱས་ཏེ། ནུབ་ཕྱོགས་རྒྱལ་ཁབ་ནས་སི་རི་ཡར་དམག་དོན་བྱ་སྤྱོད་སྤེལ་བཟོ་ཡོད་ཚད་ཤུགས་ཆེར་ཕྱིན་ཡོད་ནའང་། འབྲུག་སྒྲ་གྲགས་པ་ལས་ཆར་པ་མི་འབབ་པ་ལྟར་གྱི་གནས་ཚུལ་ཡང་ཐོན་བཟོ་ཡོད། ཨ་རི་དང་ཨུ་རུ་སུའི་ངོས་ནས་བཤད་ན་འགལ་བ་ཚོད་འཛིན་བྱས་ཏེ་སི་རི་ཡར་གདོང་ཐུག་མི་ཤོར་བ་བྱ་རྒྱུ་དེ་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ལ་ཏིང་ཨ་མེ་རི་ཁ་གླིང་ལ་འཚམས་འདྲིར་བསྐྱོད་རྒྱུའི་སྔོན་གཏན་འཁེལ་བ་མེད་པ་བཟོས་རྗེས། སྤྱི་ཚེས་11ཉིན་དྲ་ཐོག་ཏུ་རྩོམ་ཡིག་སྤེལ་ནས་སི་རི་ཡར་མེ་ཤུགས་འཕུར་མདེལ་འཕེན་རྒྱུ་གྲ་སྒྲིག་བྱས་ཟིན་ཡོད་ཅེས་ཨུ་རུ་སུར་ཐ་ཚིག་བཏང་ཡོད། ཉིན་དེར་ཧྥ་རན་སིའི་ཙུང་ཐུང་མ་ཁེ་ལུང་གིས་གསར་འགྱུར་ལས་རིགས་ལ། ཧྭ་ཧྲེང་ཏུན་དང་དེའི་མནའ་གྲོགས་ཀྱིས་ཞིབ་ཕྲའི་བྱ་སྤྱོད་ལ་གྲོས་བསྡུར་བྱ་རྒྱུ་ཕུད་སི་རི་ཡར་དམག་དོན་བྱ་སྤྱོད་སྤེལ་རྒྱུ་གཏན་འཁེལ་ཟིན་ཡོད། ནུབ་ཕྱོགས་རྒྱལ་ཁབ་ནས་སི་རི་ཡར་དམག་དོན་རྡུང་རྡེག་གཏོང་རྒྱུར་གྲ་སྒྲིག་ཨང་གསར་བྱས་ཟིན་ཡོད་ཅེས་བསྟན་ཡོད།

ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཧྥེ་སི་ཁེ་ཧྥུས་ཉིན་དེར་ལན་ཆ་བྱས་ཏེ། ང་ཚོས་ཐེའུ་ཐེ་དྲ་ཐོག་གི་ཕྱི་འབྲེལ་སྤེལ་གྱི་མེད། ཟང་ཟིང་གི་དུས་བབ་ཇེ་སྡུག་ཏུ་འགྲོ་བའི་བྱ་སྤྱོད་གང་ཡང་རྩ་བ་ཉིད་ནས་བཟུང་མི་རུང་ཅེས་བསྟན་ཡོད། ཨུ་རུ་སུའི་དམག་ཕྱོགས་ཀྱི་མགྲིན་ཚབ་པ་ཞིག་གིས་རྫས་འགྱུར་མཚོན་ཆའི་འཇབ་རྒོལ་ཟེར་བ་ནི་སི་རི་ཡའི་སྲིད་གཞུང་ལ་ངོ་རྒོལ་བྱེད་མཁན་དྲག་ཆས་པས་འཁྲབ་སྟོན་བྱས་པ་ཞིག་ཡིན་ཞེས་སྐྱོན་འཛུགས་བྱས་ཡོད་པ་རེད། ཨ་རི་དང་ཨུ་རུ་སུས་ཕྱོགས་གཅིག་ནས་རྩོད་གླེང་བྱས་པ་དང་ཕྱོགས་གཞན་ཞིག་ནས་དམག་དོན་བཀོད་སྒྲིག་བྱེད་བཞིན་ཡོད། ཨ་རིའི་མཚོ་དམག་གིས་སྤྱི་ཚེས་10ཉིན་ཧ་ལིའི་ཏུའུ་ལུའུ་མན་རྟགས་ཅན་གྱི་མ་གྲུའི་རྡུང་རྡེག་ཚོགས་པ་སྤྱི་ཚེས་11ཉིན་དབུས་ཤར་དང་ཡོ་རོབ་ས་ཁུལ་དུ་བསྐྱོད་རྒྱུ་ཡིན་ཞེས་བསྟན་ཡོད། སྔོན་དཔག་བྱས་ན་ཨ་རིའི་དམག་གིས་དབུས་ཤར་གྱི་འབྲེལ་ཡོད་བཀོད་སྒྲིག་སྤྱི་ཟླ་5པའི་ཟླ་སྟོད་དུ་ཚར་བ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཨུ་རུ་སུའི་དམག་ཕྱོགས་ནས་སྤྱི་ཚེས་11ཉིན་ཨུ་རུ་སུའི་དམག་གིས་སི་རི་ཡའི་དུས་བབ་ཀྱི་འཕེལ་ཕྱོགས་ལ་དོ་ཁུར་ཟབ་མོ་བྱེད་བཞིན་ཡོད། ཨ་རིའི་མཚོ་དམག་གི་རྡུང་རྡེག་སྟོབས་ཤུགས་མཚོ་ཁུག་ས་ཁུལ་དུ་བྱ་སྤྱོད་སྤེལ་བར་བསྐྱོད་པ་དོ་སྣང་བྱུང་ཞེས་བསྟན་ཡོད། ཨུ་རུ་སུས་དེའི་གོང་གལ་ཏེ་ཨ་རིས་སི་རི་ཡར་མཁའ་ཐོག་ནས་འཇབ་རྒོལ་བྱས་ཚེ་ཨུ་རུ་སུའི་ཕྱོགས་ནས་ཀྱང་སི་རི་ཡར་བཅའ་སྡོད་ཨུ་རུ་སུའི་དམག་དོན་མི་སྣའི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་བའི་མེ་ཤུགས་འཕུར་མདེལ་དང་འཕེན་གཏོང་བྱ་ཡུལ་ལ་འཁོན་ལན་གྱི་བྱ་ཐབས་བཟུང་རྒྱུ་ཡིན་ཞེས་ཐ་ཚིག་བཏང་ཡོད། ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྲུང་སྐར་གྱི་པར་རིས་ལས་མངོན་པར། སི་རི་ཡའི་ཐར་ཐུ་སའི་མཚོ་དམག་རྟེན་གཞིའི་ཨུ་རུ་སུའི་དམག་གྲུ་མང་ཆེ་བ་གྲུ་ཁ་ནས་ཁ་བྲལ་ཏེ་མཚོ་ཐོག་ཏུ་བསྐྱོད་པ་མངོན་ཡོད།

ཨ་རིས་རེ་ངན་བཅངས་པའི་མདུན་དུ། སི་རི་ཡའི་ཙུང་ཐུང་གི་ཆབ་སྲིད་དང་གསར་འགྱུར་གྱི་བློ་འདྲི་ཡུལ་ཧྲ་པན་གྱིས་སྤྱི་ཚེས་11ཉིན་ཨ་རིས་གནོན་ཤུགས་སྤྲད་པ་བརྒྱུད་ཁེ་ཕན་དེ་བས་མང་བ་ཐོབ་བསམ་གྱི་ཡོད། སི་རི་ཡ་དང་དེའི་མནའ་གྲོགས་ཀྱིས་དོན་དེའི་ཐད་གྲོས་མོལ་བྱེད་བཞིན་ཡོད་པས། གནས་ཚུལ་གང་ཞིག་ཀྱང་ཨ་རིས་བསམ་པ་ལྟར་འཕེལ་རྒྱས་འགྲོ་རུ་འཇུག་མི་སྲིད་ཅེས་བསྟན་ཡོད། ཉེ་བའི་དུས་མཚམས་ནང་། སི་རི་ཡའི་པ་ཧྲར་སྲིད་གཞུང་གིས་སི་རི་ཡའི་གདོང་ཐུག་གི་རང་འགུལ་དབང་ཆ་རིམ་བཞིན་བཟུང་ཡོད། དབྱེ་ཞིབ་མི་སྣས་ཨ་རིས་པ་ཧྲར་སྲིད་གཞུང་གི་དམག་འཐབ་མཇུག་འབྲས་རྒྱ་སྐྱེད་གཏོང་བ་དང་གནས་བབ་སྲ་བརྟན་དུ་གཏོང་བ་མཐོང་འདོད་བྱེད་ཀྱི་མེད། རྫས་འགྱུར་མཚོན་ཆའི་དོན་རྐྱེན་གྱི་གནས་ཚུལ་ངོ་མ་མ་ཤེས་པའི་སྐབས་འདིར། གོ་མཚོན་བེད་སྤྱོད་བྱ་རྒྱུ་ཡིན་ཞེས་བཤད་དེ་དབྱི་རན་ལ་བཀག་འགོག་དང་ཨུ་རུ་སུར་གནོན་ཤུགས་སྤྲད་དེ་དབུས་ཤར་གྱི་ཤུགས་རྐྱེན་ཐེབས་ཤུགས་སོགས་དམིགས་ཡུལ་མང་པོ་བསྒྲུབ་རེ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

ཨ་རིའི་རྒྱལ་ནང་གི་ཆབ་སྲིད་ནས་བལྟས་ཚེ། ཐེ་རོན་ཕུ་སྲིད་གཞུང་ལ་མིག་སྔར་སྲིད་འཛིན་ཚོགས་པའི་མི་སྣ་ཆ་ཚང་མེད་པ་དང་། ཨུ་རུ་སུར་གསང་བ་གྱར་བའི་གནད་དོན་ལ་བརྟག་དཔྱད་བྱ་རྒྱུ་ཛ་དྲག་པོ་ཡོད་པའི་དཀའ་ངལ་འཕྲད་པའི་འོག ད་ལོ་རྒྱལ་ཚོགས་ཀྱིས་དུས་དཀྱིལ་འདེམས་བསྐོ་བྱེད་དགོས་ཀྱི་ཡོད་པས། ཐེ་རོན་ཕུ་སྲིད་གཞུང་གིས་ཕྱི་རྒྱལ་དུ་བྱ་སྤྱོད་སྤེལ་བར་བརྟེན་ནས་རྒྱལ་ནང་གི་གནོན་ཤུགས་སྤོ་བསྒྱུར་བྱས་པ་ཞིག་རེད།

ཨུ་རུ་སུར་ངོས་ནས་བཤད་ན། རྫས་འགྱུར་མཚོན་ཆའི་དོགས་གཞིར་གཞིགས་ནས་ཨུ་རུ་སུས་ཕྱོགས་གཅིག་ནས་ནུབ་ཕྱོགས་རྒྱལ་ཁབ་བར་ཕྱི་འབྲེལ་འཐབ་རྩོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ནུབ་ཕྱོགས་རྒྱལ་ཁབ་ནས་སི་རི་ཡར་དྲག་པོའི་མཚོན་ཆ་སྤྱོད་རྒྱུར་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཀྱང་བྱས་ཡོད་པ་རེད།

འོན་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ནས་བྱ་སྤྱོད་ངོ་མ་སྤེལ་ཚེ། བྱ་སྤྱོད་ལ་མཇུག་འབྲས་གང་འདྲ་ཐོབ་མིན་གསལ་པོ་མི་ཤེས་པ་མ་ཟད་ད་དུང་སི་རི་ཡའི་དུས་བབ་དེ་བས་རྫ་དྲག་ཏུ་གྱུར་ཉེན་ཡང་ཡོད་པ་རེད། ཨ་རི་དང་ཨ་རུ་སུའི་འབྲེལ་བ་ཇེ་སྡུག་ཏུ་ཕྱིན་པ་དང་འབྲེལ་བ་ཡག་ཏུ་འགྲོ་བཟོ་མེད་པའི་གནས་བབ་འོག ཚོད་འཛིན་དང་གདོང་ཐུག་ལས་གཡོལ་རྒྱུ་དེ་ནི་ཕྱོགས་གཉིས་པོའི་ཁེ་ཕན་དང་མཐུན་པ་ཞིག་ཡིན་པ་རེད། མིག་སྔར་སི་རི་ཡའི་འཐབ་སའི་གནས་བབ་སྤྱིར་བརྟན་པོ་ཡོད་པ་དང་། ཨ་རིས་སི་རི་ཡའི་སྟོབས་ཤུགས་ཀྱི་བསྡུར་བ་འགྱུར་ལྡོག་གཏོང་འདོད་མེད་ལ་གཏོང་བའི་ནུས་པ་ཡང་མེད་པ་རེད། གལ་ཏེ་སི་རི་ཡར་དྲག་པོའི་མཚོན་ཆ་སྤྱད་ཚེ་དེའི་དམིགས་ཡུལ་ནི་རང་ངོས་ཀྱི་སྟོབས་ཤུགས་མངོན་ཐབས་ཙམ་ཞིག་ཡིན་པ་སྨོས་མེད་ཡིན་ཞིང་། སི་རི་ཡའི་དམག་འཁྲུག་རྗེས་ཀྱི་ཆབ་སྲིད་མངའ་ཁོངས་ཀྱི་གཙོ་ཁྲིད་དབང་ཆ་དང་ཁེ་ཕན་བགོ་ཤའི་དབང་ཆ་ཤོར་བར་ཡིད་མི་རངས་བ་ཙམ་ཞིག་ཡིན་པ་རེད། ཨ་རི་དང་དེའི་མནའ་འབྲེལ་རྒྱལ་ཁབ་ཀྱིས་གལ་ཏེ་རྫས་འགྱུར་མཚོན་ཆར་ཁ་གཡར་ནས་དམག་དོན་བྱ་སྤྱོད་སྤེལ་ཚེ། མི་རྣམས་བློ་ལ་མི་བབ་ལ། སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པ་དེ་བས་ཀྱང་ཁག་ཏུ་ཕྱིན་ནས་སི་རི་ཡའི་ཆབ་སྲིད་དང་བདེ་འཇགས་ཀྱི་མཇུག་འབྲས་ཚོད་དཔག་དཀའ་བ་ཞིག་ཏུ་གྱུར་རྒྱུ་ཡིན་པ་རེད།

སི་རི་ཡའི་ཉམས་ཉེན་ཐག་གཅོད་མི་ཐུབ་པར་ལུས་པ་དང་། མང་ཚོགས་ དཀའ་སྡུག་གི་གནས་སུ་ལྷུངས་བ་དེ་ཨ་རི་དང་ནུབ་ཕྱོགས་རྒྱལ་ཁབ་ལ་གཞན་ལ་དཀྲི་ཐབས་དཀའ་བའི་འགན་འཁྲི་ཡོད། དམག་དོན་བྱ་ཐབས་སྤྱད་པ་རྒྱུད་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་བསམ་པ་ནི་ཐབས་ལམ་ཞིག་ཡིན་པ་དང་། མིག་སྔའི་དུས་བབ་ལས་ཆབ་སྲིད་ཐོག་ནས་སི་རི་ཡའི་གནད་དོན་ཐག་གཅོད་བྱེད་པའི་གལ་ཆེའི་རང་བཞིན་དང་། ཁ་ཚ་དགོས་གཏུགས་ཀྱི་རང་བཞིན་སྔར་ལས་ལྷག་པ་མངོན་གྱི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།