འཛམ་གླིང་གི་རེ་བར་བརྡ་ལན་ཞུས་ནས་ཀྲུང་གོའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད།
སྤེལ་བའི་དུས་ཚོད། : 2018-04-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

—ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གདེང་འཇོག་མཐོ་པོ་བྱས་པ།

“ཀྲུང་གོའི་སྒོ་དབྱེའི་རྒྱལ་སྒོ་ཆེན་པོ་རྒྱག་མི་སྲིད་པར་དེ་ལས་ལྡོག་སྟེ་སྒོ་མོ་ཇེ་ཡངས་སུ་འབྱེད་རྒྱུ་ཡིན”

ཟླ་4ཚེས་10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་2018ལོའི་ལོ་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་གནང་བའི་བཞེད་དོན་གཙོ་བོའི་གཏམ་བཤད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་ཅིང་། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་དང་། མཁས་དབང་། སྨྱན་སྦྱོར་བཅས་ཀྱིས་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱི་མགོ་བོ་འབུས་པའི་རྒྱབ་ལྗོངས་འོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱིས་འཛམ་གླིང་ལ་ཁ་ཕྱོགས་གསལ་སྟོན་དང་དྲང་ནུས་སྦྱིན་པས་དེ་ཐོག་ནས་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་མཐའ་འཁྱོངས་དང་མཉམ་ལས་གཉིས་ཕན་གྱི་གྲོས་འགོ་བཏོན་པ། དེ་བཞིན་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་འགྱུར་མེད་ཆོད་སེམས་དང་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པའི་ངོས་འཛིན་བྱས་པ་རེད།

མུ་མཐུད་སྒོ་མོ་འབྱེད་པའི་འགྱུར་མེད་ཆོད་སེམས་མངོན་པ།

ཨ་རིའི་ཀྲུང་ཨ་ཞིབ་འཇུག་ལྟེ་གནས་ཀྱི་མཐོ་རིམ་ཞིབ་འཇུག་པ་སུའུ་ལ་པུའུ་·ཀུའུ་ཕུའུ་ཐ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནི་སྒོ་དབྱེ་དང་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར“མཚན་ཉིད་རིག་པའི་དོན་སྙིང་ལྡན་པའི”རྒྱས་བཤད་ཅིག་ཡིན་ལ་དངུལ་རྩ་དང་རླངས་འཁོར་སོགས་ཁྱབ་ཁོངས་ཀྱི་སྒོ་དབྱེའི་ཐད་ཀྱི་ཞིབ་ཕྲའི་བྱ་ཐབས་དང་དམིགས་ཚད་ཡང་ཚུད་པས་ནང་དོན་ཕུན་སུམ་ཚོགས་ཤིང་གཏིང་ཟབ་པ་ཞིག་འདུག་ཅེས་བརྗོད།

ཐེ་ལན་ཀྲེང་ཏ་དོ་དམ་སློབ་གླིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲེ་མེང་གིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་ཁྲོམ་རའི་ཞུགས་འཐུས་ཚད་གཞི་དམའ་རུ་ཤུགས་ཆེན་གཏོང་རྒྱུ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་བྱ་ཐབས་བཏོན་ནས“འཛམ་གླིང་ལ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྐུལ་མ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པའི་ཀྲུང་གོའི་ཉམས་འགྱུར་མངོན་པའི”ངོས་འཛིན་བྱས་པ་རེད།

མཉམ་ལས་གཉིས་ཕན་གྱི་ལྷག་བསམ་གང་ལེགས་མངོན་པ།

མོ་ཞི་ཁོའི་རྒྱལ་བཙུགས་རང་སྐྱོང་སློབ་ཆེན་ཀྲུང་གོའི་གནད་དོན་གྱི་རིགས་གཅིག་མཁས་ཅན་དབྱི་ཀེ་ན་ཤི་ཨའོ་·ཁོའར་ཐེ་སིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུར་མུ་མཐུད་སྐུལ་མ་གཏོང་རྒྱུའི་སྐོར་བཏོན་གནང་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་ནང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་རྩ་དོན་བཟུང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནས་ཚན་རིག་ལག་རྩལ་རྣམ་གྲངས་སོགས་ཕྱོགས་མང་པོའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་པ་དེ་ཐོག་ནས་ཀྲུང་གོས་རྒྱལ་ཁབ་ཁག་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱ་རྒྱུར་གཞོལ་བ་གསལ་བཤད་ཐུབ་ཀྱི་ཡོད་ཅེས་བརྗོད།

ཁེན་ནི་ཡའི་ཨ་རིའི་རྒྱལ་སྤྱིའི་སློབ་ཆེན་གྱི་སྤྱི་པའི་སྲིད་ཇུས་རིག་པའི་འཆད་འཁྲིད་པ་སི་ཏི་ཧྥེན་·ཨེན་ཏའེ་ཀེ་ཝ་ཡིས་དུས་རབས་གསར་པར་སླེབས་པའི་ཀྲུང་གོས་འཛམ་གླིང་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་ཀྱི་གོ་སྐབས་སྔར་བས་མང་བ་གཏོད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ནི“རྒྱུད་གཅིག་ལམ་གཅིག”བསྐྲུན་པའི་དོན་ལ་བབས་ས་གལ་ཆེན་ཞིག་ཡིན་པས་ཀྲུང་གོའི་མ་དངུལ་དང་ལག་རྩལ་དེ་ཨ་ཧྥེ་རི་ཁའི་རང་བྱུང་ཐོན་ཁུངས་དང་། མི་འབོར་གྱི་ཁེ་སྤོགས། ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་བཅས་དང་ཟུང་འབྲེལ་བྱས་ནས་ཨ་ཧྥེ་རི་ཁར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཞིག་གཏོད་ཐུབ་རྒྱུ་ཡིན་ཞེས་བརྗོད།

གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་མངོན་པ།

ཁེན་ནི་ཡའི་ནེ་རོ་པི་སློབ་ཆེན་རྒྱལ་སྤྱིའི་དཔལ་འབྱོར་རིག་པའི་འཆད་འཁྲིད་པ་ཀའེ་ལི་ཞུང་·དབྱི་ཅི་ཡ་ལ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་ནི་ལྡོག་ཏུ་མེད་པའི་དུས་རབས་ཀྱི་རླབས་རྒྱུན་ཞིག་ཡིན་པ་དང་དུས་མཚུངས་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནི་ཀྲུང་གོའི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པ་དེ་ཐོག་ནས་ཀྲུང་གོས་སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་བསྐྲུན་རྒྱུར་མུ་མཐུད་སྐུལ་མ་ཧུར་ཐག་བཏང་ནས་ཀྲུང་གོ་འཕེལ་རྒྱས་འགྲོ་བ་དེས་འཛམ་གླིང་ལ་གོ་སྐབས་དེ་བས་མང་བ་གཏོད་རྒྱུ་ཡིན་པ་མཚོན་ཡོད་ཅེས་ནན་བཤད་བྱས།

ཨ་རིའི་རྒྱལ་དོན་བློན་ཆེན་གཞོན་པ་ཟུར་པ་ཅི་ཤིན་ཀེའི་བློ་འདྲི་ཀུང་སིའི་སྤྱི་ཁྱབ་གཞོན་པ་ལུའོ་པོ་ཐེ་·ཧོ་མ་ཚེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ལ“འཆད་འགྲེལ་ཧ་ཅང་ཡག་པོ་གནང་འདུག”ཅེས་བརྗོད་ཅིང་། ཁོང་གིས་ཀྲུང་གོས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲོམ་གཞིའི་འོག་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དང་རང་མོས་ཚོང་དོན་ལ་སྐུལ་འདེད་གཏོང་རྒྱུར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་རྒྱབ་སྐྱོར་བྱས་ཏེ་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་སྒྲིག་ལམ་སྲུང་སྐྱོང་ཐད་ནུས་པ་གལ་ཆེན་འདོན་ཐུབ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས།