པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་དང་ཚོགས་ཞུགས་ཕྱི་ཕྱོགས་འགོ་ཁྲིད་མི་སྣས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་བྱེད་ཐབས་ནི་འཛམ་གླིང་གི་གཏམ་བཟང་ཞིག་རེད་ཅེས་བསྔགས་བརྗོད་གནང་བ།
སྤེལ་བའི་དུས་ཚོད། : 2018-04-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ་4ཚེས་10ཉིན། པོ་ཨའོ་ཨེ་ཤེ་ཡའི་གླེང་སྟེགས་ཀྱི་2018ལོའི་ལོ་ཚོགས་ཧའེ་ནན་ཞིང་ཆེན་པོ་ཨའོ་རུ་འགོ་ཚུགས་ཤིང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་འབྲེལ། 《སྒོ་དབྱེ་ལས་དར་རྒྱས་མཉམ་དུ་གཏོད། གསར་གཏོད་ཀྱིས་འབྱུང་འགྱུར་སྣེ་ཁྲིད་བྱེད་》ཅེས་འགོ་བརྗོད་དུ་འཁོད་པའི་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་གནང་བ་རེད། དེ་རྗེས་ཚོགས་ཞུགས་ཕྱི་ཕྱོགས་འགོ་ཁྲིད་མི་སྣས་ཤིས་ཚིག་སྒྲོན་ནས་ཀྲུང་གོས་ཁྱབ་གདལ་བཏང་བའི་རྒྱ་བསྐྱེད་དང་སྒོ་དབྱེའི་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པས་མི་སེམས་ལ་སྐུལ་མ་ཆེན་པོ་ཐེབས་ཐུབ། ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་བཏང་ན་འཛམ་གླིང་ལ་བདེ་སྐྱིད་སྐྲུན་ཐུབ་ལ་གོ་ལ་ཧྲིལ་པོ་ཐུན་མོང་དར་རྒྱས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཐུབ་ངེས་རེད་ཅེས་གསུངས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས། འདི་ལོ་ནི་ཀྲུང་གོས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན། ཀྲུང་གོའི་འཕོ་འགྱུར་དང་དེ་བཞིན་ཀྲུང་གོ་དང་འཛམ་གླིང་གི་འབྲེལ་བའི་འཕོ་འགྱུར་ང་ཚོས་མིག་མཐོང་ལག་ཟིན་བྱུང་། ད་ཐེངས་ཀྱི་གླེང་སྟེགས་ལོ་ཚོགས་ལས་ཨེ་ཤེ་ཡའི་རྒྱུན་ཆད་མེད་པར་འཕེལ་བའི་གསོན་ཤུགས་དང་སྤྲོ་སྣང་ཡར་བརྩོན་གྱི་སྙིང་སྟོབས་མངོན་ལ། ང་ཚོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་ཆེད་འབད་བརྩོན་ལྷོད་མེད་བྱས་པ་ཡང་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

ཨོ་སི་ཁྲུ་རི་ཡའི་ཙུང་ཐུང་ཧྥན་ཏེ་པའེ་ལོན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་ཀྲུང་གོས་མུ་མཐུད་བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེར་སྐུལ་འདེད་གཏོང་བ་དེས་ཀྲུང་གོར་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་མ་ཟད་འཛམ་གླིང་ལའང་བདེ་སྐྱིད་བསྐྲུན་ཐུབ་རྒྱུ་རེད་ཅེས་གསལ་སྟོན་གནང་ཡོད། གླེང་སྟེགས་ནང་འདི་ལོ“སྒོ་དབྱེ་གསར་གཏོད་ཀྱི་ཨེ་ཤེ་ཡ། དར་རྒྱས་གོང་འཕེལ་གྱི་འཛམ་གླིང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དེ་མིག་སྔའི་འཛམ་གླིང་གི་དུས་བབ་དང་ཧ་ཅང་འཚམ་པོ་འདུག འདས་པའི་ལོ་བཅུ་གྲངས་ནང་ཨེ་ཤེ་ཡ་ནི་ཐོག་མཐའ་བར་གསུམ་དུ་འཛམ་གླིང་དཔལ་འབྱོར་གྱི་སྣེ་ཁྲིད་པ་ཡིན། ཉེ་ཆར་ཡོ་རོབ་ཀྱི་དཔལ་འབྱོར་ཡང་སླར་གསོ་ཐུབ་བཞིན་་ཡོད། གནས་ཚུལ་འདི་འདྲའི་འོག་འཛམ་གླིང་དར་རྒྱས་ཡོང་རྒྱུར་སྔར་བྱུང་མ་མྱོང་བའི་གོ་སྐབས་འཕྲད་པ་དང་ཆབས་ཅིག་འགྲན་སློང་ཡང་མང་པོ་འཕྲད་སྲིད་པས་རྒྱལ་ཁབ་ཁག་གིས་མཉམ་དུ་འཚོལ་ཞིབ་དང་ཁ་གཏད་གཅོག་དགོས་ངེས་རེད་ཅེས་གསུངས་པ་རེད།

ཧོ་ལན་གྱི་དབུ་ཞུགས་བློན་ཆེན་ལུའུ་ཐེ་ཡིས་ཚོང་དོན་སྲུང་སྐྱོང་རིང་ལུགས་ཀྱིས་འཛམ་གླིང་ལ་འཇིགས་སྣང་བཟོ་བཞིན་པ་དེས་ཁྲོམ་རའི་འཁོར་སྐྱོད་ལ་ཤུགས་རྐྱེན་ཐེབས་པ་དང་ཆབས་ཅིག་མི་སྣ་སྤེལ་རེས་དང་བསམ་བློ་ཡར་རྒྱས་ལའང་འགོག་རྐྱེན་བཟོ་སྲིད། ད་ཐེངས་ཀྱི་གླེང་སྟེགས་ལོ་ཚོགས་ཀྱི་སྒོ་དབྱེ་གསར་གཏོད་ཀྱི་བརྗོད་དོན་གཙོ་བོ་དེ་འཛམ་གླིང་དར་རྒྱས་ཐད་གལ་འགངས་ཤིན་ཏུ་ཆེ་བས་དངོས་ཡོད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད་ཅེས་གསུངས་པ་དང་། ཁོང་གིས་རྒྱལ་ཁབ་ཁག་གིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་སྒོ་དབྱེ་དང་། རང་དབང་། གཉིས་ཁེ་བཅས་ཀྱི་གོ་ལ་ཧྲིལ་པོའི་ཚོང་དོན་ལ་སྐུལ་འདེད་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

སིང་ཀ་ཕོར་གྱི་ཙུང་ལི་ལི་ཤན་ལུང་གིས་ཨེ་ཤེ་ཡའི་དཔལ་འབྱོར་མཚོན་ཚུལ་ས་ཁུལ་གཞན་ལས་ལེགས་པ་ཡོད་པ་དེ་སྒོ་དབྱེ་ལས་བྱུང་བ་ཞིག་རེད། ས་ཁུལ་དེ་གའི་གསོན་ཤུགས་རྒྱུན་འཁྱོངས་དང་རྒྱལ་ཁབ་ཁག་གིས་སྒོ་དབྱེ་མུ་མཐུད་རྒྱུན་འཁྱོངས་ཀྱིས་ཕན་ཚུན་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་རྨང་གཞིར་བྱས་པའི་ཕྱོགས་མང་ཚོང་དོན་མ་ལག་གིས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་དང་། ཡང་ཁོང་གིས་ཀྲུང་གོའི་འགོ་ཁྲིད་མི་སྣས་ས་ཆ་མང་པོར་ཕྱོགས་མང་རིང་ལུགས་དང་སྒོ་དབྱེའི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱ་རྒྱུ་རྒྱས་བཤད་བྱས་པ་དང་། ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་དང“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་ཀྲུང་གོས་ས་ཁུལ་དར་རྒྱས་ཆེད་ཕུལ་བའི་ལེགས་སྐྱེས་གལ་ཆེན་གཉིས་རེད་ཅེས་གསུངས།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱི་སྤྱི་ཁྱབ་ལ་ཅ་ཏེ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གཏམ་བཤད་ནང་གསར་གཏོད་དང་། བསྟུན་མཁས། སྒོ་དབྱེ་སོགས་ཀྱི་འདུ་ཤེས་དར་སྤེལ་བཏང་བ་མ་ཟད། དངུལ་རྩ་དང་། འགན་བཅོལ། རླངས་འཁོར་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བའི་སྒོ་དབྱེའི་བྱེད་ཐབས་བཏོན་ཡོད། རྒྱལ་ཁབ་ཁག་གིས་འདྲ་མཉམ་དང་དངོས་གཉེར་གྱི་རྣམ་འགྱུར་ཐོག་ནས་ལན་འདེབས་དགོས་ངེས་རེད་ཅེས་གསུངས་པ་དང་། ཁོང་གིས་ཨེ་ཤེ་ཡས་གོ་ལ་ཧྲིལ་པོའི་འཕར་ཚད་ཀྱི་གསུམ་ཆ་གཉིས་ལེགས་སྐྱེས་ཕུལ་བ་དེས་འཛམ་གླིང་གི་དཔལ་འབྱོར་ཐད་དོན་སྙིང་གལ་ཆེན་ལྡན་ཡོད། རྒྱལ་ཁབ་ཁག་གིས་ཚོང་དོན་སྔར་བས་རྒྱ་ཆེར་གཏོང་དགོས་ངེས་རེད། གསར་གཏོད་དེ་ལྟར་བྱས་ཚེ་སྔར་བས་ལོངས་སྤྱོད་ཐུབ་རྒྱུ་རེད་ཅེས་གསུངས་པ་རེད།