ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ལྟེ་གནས་ལོན་ཏོན་དུ་དངོས་སུ་བཙུགས་པ།
སྤེལ་བའི་དུས་ཚོད། : 2018-04-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

2018ལོའི་ལོན་ཏོན་གྱི་དཔེ་དེབ་འགྲེམས་སྟོན་འགོ་མ་ཚུགས་གོང་། ཀྲུང་གོའི་གཞོན་ནུ་དཔེ་སྐྲུན་ཁང་དང་དབྱིན་ཇིའི་པུའུ་ལུའུ་མུའུ་སི་པོ་ལི་དཔེ་སྐྲུན་ཀུང་སི་མཉམ་ལས་བྱས་ནས་བཙུགས་པའི་ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ལྟེ་གནས་ཉིན་ཤས་གོང་ལོན་ཏོན་དུ་དངོས་སུ་བཙུགས་པ་རེད།

དེ་ནི་རྒྱལ་ནང་གི་དཔེ་སྐྲུན་སྒྲིག་གཞིས་ཕྱི་རྒྱལ་གྱི་ལས་རིགས་གཅིག་པ་དང་མཉམ་ལས་བྱེད་ཐེངས་དང་པོ་དང་ཡོ་རོབ་ཏུ་གསར་དུ་བཙུགས་པའི་ཀྲུང་གོའི་བརྗོད་དོན་གཙོ་བོའི་དཔེ་དེབ་དཔེ་སྐྲུན་ལྟེ་གནས་དང་པོ་ཡིན་པ་དེས་ཀྲུང་གོའི་རིག་གནས་ཁྱབ་གདལ་དང་རྒྱལ་སྤྱིའི་ཁྲོམ་རར་ཕྱོགས་ནས་དཔེ་སྐྲུན་དང་བྲིན་ཚོང་བྱ་རྒྱུར་གཞོལ་རྒྱུ་རེད།

ཀྲུང་གོའི་གཞོན་ནུ་དཔེ་སྐྲུན་ཁང་(དབྱིན་ཇིའི)རྒྱལ་སྤྱིའི་དཔེ་སྐྲུན་སྨྱན་སྦྱོར་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་བ་ཀུའོ་ཀོང་གིས་གོང་ཚེས་ཉིན་གྱི་འགོ་ཚུགས་མཛད་སྒོའི་ཐོག ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ལྟེ་གནས་དངོས་སུ་ལས་གཉེར་བྱས་རྗེས། ལོ་ལྟར་ཀྲུང་གོ་ནས་སྣེ་ཁ་100ཡན་གྱི་དཔེ་དེབ་ཀྱི་དཔར་དབང་ནང་འདྲེན་བྱས་ནས་ཀྲུང་གོའི་དཔེ་སྐྲུན་ཁང་ཁག་དང་མཉམ་ལས་ཀྱིས་ཡིག་སྒྱུར་དང་དཔེ་སྐྲུན་བྱས་ཏེ་པུའུ་ལུའུ་མུའུ་སི་པོ་ལིས་གོ་ལ་ཧྲིལ་པོར་དཔེ་སྐྲུན་དང་ཚོང་གཉེར་བྱེད་པའི་ཐབས་ལམ་ལ་བརྟེན་ནས་ཤོག་རིགས་དཔེ་དེབ་དང་། གློག་རྡུལ་དཔེ་དེབ། གྲངས་གཞིའི་མཛོད་བཅས་ཀྱི་རྣམ་པའི་ཐོག་ནས་ཀྲུང་གོའི་རིག་གནས་དང་། སྒྱུ་རྩལ། ཆབ་སྲིད། དཔལ་འབྱོར། ཚན་རྩལ། སློབ་གསོ། ཡུལ་སྐོར། འཚོ་བ་བཅས་ཐད་ཀྱི་ཕུལ་བྱུང་བརྩམ་ཆོས་དག་མྱུར་ཚད་མགྱོགས་ཤོས་ཀྱིས་ཁྱབ་ཁོངས་དེ་བས་རྒྱ་ཆེ་བའི་ནང་རྒྱལ་སྤྱིའི་ཀློག་པ་པོར་ངོ་སྤྲོད་བྱ་རྩིས་ཡོད་ཅེས་བརྗོད་པ་རེད།

དབྱིན་ཇིའི་དཔེ་སྐྲུན་ཚོང་ལས་མཐུན་ཚོགས་ཀྱི་ལག་བསྟར་སྤྱི་ཁྱབ་གཞོན་པ་ཨའེ་མ་·ཧའོ་སིས་ཀྲུང་གོ་དང་དབྱིན་ཇིའི་དབར་གྱི་དཔེ་སྐྲུན་སྤེལ་རེས་ལ་ཉེ་བའི་ལོ་ཤས་རིང་གྲུབ་འབྲས་ཐོབ་པ་དང་། ལོན་ཏོན་དུ་ཀྲུང་གོ་རྒྱལ་སྤྱིའི་དཔེ་སྐྲུན་ལྟེ་གནས་བཙུགས་པ་དེས་ཀྲུང་གོ་དང་དབྱིན་ཇིའི་རིག་གནས་ལས་རིགས་ཀྱི་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་བྱས་པ་རེད།

ལུའུ་པུའུ་མུའུ་སི་པོ་ལིས་དེ་སྔོན་མུ་འབྲེལ་བརྩམས་སྒྲུང་《ཧ་ལི་· ཕོ་ཐར་》སོགས་བྲིན་ཁ་རྒྱུག་པའི་དཔེ་དེབ་དཔེ་སྐྲུན་བྱེད་མྱོང་ལ། གྲངས་གཞིའི་དཔེ་སྐྲུན་ཁྱབ་ཁོངས་ནང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ན་ནིང་ཀྲུང་གོ་དང་མཉམ་དུ་དཔེ་སྐྲུན་བྱས་པའི་དབྱིན་ཡིག་གི་དཔར་མ་《ཐང་ཤན་ཙུའུ། ཀྲུང་གོའི་ཤིག་སེ་ཕེར་》ཞེས་པར་ཀློག་པ་པོས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་པ་རེད།