རྒྱལ་སྤྱིའི་སྤྱི་ཚོགས་ནས་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཀྱི་ཇུས་གཞིར་དོ་ཁུར་གནང་བ།
སྤེལ་བའི་དུས་ཚོད། : 2018-03-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༣ཉིན། སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལས་ཁུངས་སྒྱུར་བཅོས་ཇུས་གཞིའི་གསལ་བཤད་གསན་ཡོད་པ་རེད། ཕྱི་རྒྱལ་སྨྱན་སྦྱོར་དང་རིགས་གཅིག་མཁས་དབང་གིས། དུས་རབས་གསར་པར་ནུས་ལྡན་ངང་རྒྱལ་ཁབ་བཅོས་སྐྱོང་དང་སྤྱི་ཚོགས་ཀྱི་དགོས་མཁོ་གསར་པ་མཐུན་པ་དེ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བའི་གཏིང་ཟབ་པའི་སྒྱུར་བཅོས་ཤིག་ཡིན་པའི་ངོས་འཛིན་བྱས་ཡོད།

འཇར་མན་འཛམ་གླིང་ཚགས་པར་ཞེས་པའི་དྲ་ཚིགས་ཐོག ད་ཆ་ཀྲུང་གོ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ལམ་བུ་གསར་པ་འགོ་འཛུགས་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ་བཅས་ཀྱི་དུས་རབས་གསར་པར་འཕྲད་ཡོད། དུས་རབས་གསར་པའི་གོང་འཕེལ་ལ་སྲིད་འཛིན་ལས་ཁུངས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས་ཀྱི་ཡོད། དེའི་ནང་ལས་ཁུངས་སྒྲིག་བཀོད་སྒྱུར་བཅོས་དང་འགན་ནུས་བཀོད་སྒྲིག་ལེགས་སུ་གཏོང་བ་སོགས་ཡིན་ཞེས་འཁོད་ཡོད།

སིང་ཀ་ཕོ་རྒྱལ་འཛུགས་སློབ་ཆེན་ཨ་ཤི་ཡའི་ཤར་མའི་ཞིབ་འཇུག་སོ་ཡི་འགོ་འཛིན་ཀྲེང་ཡུང་ཉན་གྱིས། རྒྱལ་ཁབ་ཡུན་རིང་བདེ་འཁོད་ཡོང་བར་ལམ་ལུགས་འཛུགས་སྐྱོང་ལ་རག་ལུས་ཡོད་པ་དང་། རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ལམ་ལུགས་འཛུགས་སྐྱོང་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ཞེས་བསྟན་ཡོད་པ་རེད།

ཨེར་ཀ་ཏོའི་རྒྱལ་ཁབ་མཐོ་རིམ་ཞིབ་འཇུག་ཁང་ཀྲུང་གོའི་གནད་དོན་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་ལེ་ཡེ་སིས། ཀྲུང་གོ་དེ་ཉིད་གསར་རྐྱང་གི་གོང་འཕེལ་དུས་མཚམས་སུ་སླེབས་ཡོད། དེས་དཔལ་འབྱོར་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་འགྲོ་བ་མཚོན་ཡོད་པ་མ་ཟད། ད་དུང་སྲིད་འཛིན་ཏང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཆུ་ཚད་ལ་རེ་བ་དེ་བས་ཆེ་བ་བཏོན་ཡོད། ཀྲུང་གོས་རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་དམིགས་འབེན་ཧ་ཅང་ཁ་གསལ་བཏོན་ཡོད་ཅིང་། གོ་སྐབས་ཧ་ཅང་གི་འཚམ་པོ་བྱུང་ཡོད་པས། རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ཁག་བགོས་བཀོད་སྒྲིག་ཐད་སྔར་བས་འོས་ཤིང་འཚམ་པ་ཞིག་ཡོང་ཐུབ་ཅེས་གསུངས་ཡོད་པ་རེད།

ཨ་རིའི་ཀྲུང་གོ་བའི་ཆབ་སྲིད་ཁྲིམས་ལུགས་ཀྱི་རིག་པའི་མཁས་པ། ཉེ་བའི་ལོའི་ནང་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་ཀྱི་གོང་འཕེལ་ཆེན་པོ་བྱུང་ཡོད། ད་ལྟ་དེ་སྔའི་སྒྲིག་གཞིར་ལེགས་སྒྲིག་བྱེད་པའི་དུས་ལ་སླེབས་ཡོད་པས། རྒྱལ་ཁབ་ཀྱི་འབྱུང་འགྱུར་གོང་འཕེལ་གྱི་དགོས་མཁོའི་དུས་མཚམས་གསར་པ་དང་མཐུན་པ་དང་། རྒྱལ་ཁབ་ལས་ཁུངས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཆ་རྐྱེན་འཛོམས་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།