ཕྱི་རྒྱལ་སྨྱན་སྦྱོར་ཚན་པས་ཁྲིམས་སྐྱོང་དང་། གསར་གཏོད། ཕྱི་འབྲེལ་བཅས་ཀྲུང་གོའི་ཚོགས་ཆེན་གཉིས་ཀྱི་ཐ་སྙད་གསུམ་པོ་དེར་དོ་ཁུར་བྱས་པ།
སྤེལ་བའི་དུས་ཚོད། : 2018-03-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་དུས་ཕྱི་རྒྱལ་གྱི་སྨྱན་སྦྱོར་ཚན་པས་ཀྲུང་གོས་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་སྐུལ་འདེད་གཏོང་བ། གོང་འཕེལ་གསར་པའི་འདུ་ཤེས་ལག་བསྟར་བྱེད་པ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྱོང་བྱེད་པ། རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་ལས་དབང་ཐུན་མོང་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་དོ་ཁུར་ཆེན་པོ་བྱས་པ་མ་ཟད། ཁྲིམས་སྐྱོང་དང་། གསར་གཏོད། ཕྱི་འབྲེལ་བཅས་ཀྱི་ཐ་སྙད་གསུམ་ཁྲོད་ནས་འཛམ་གླིང་ལ་དུས་རབས་གསར་པར་སླེབས་པའི་ཀྲུང་གོའི་འཕར་རྩ་ལྡིང་བ་མྱོང་ཚོར་ཐུབ་པ་མ་ཟད། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་མི་དམངས་ཀྱི་སྣེ་ཁྲིད་ནས་མདུན་སྐྱོད་ཀྱི་ལམ་བུ་གསར་པར་ཧུར་ཐག་སྐྱོད་པའི་ཆོད་སེམས་དང་བློ་སྟོབས་ཡང་ཚོར་ཐུབ་ཡོད་པ་རེད།

སི་པན་གྱི་ཀྲུང་གོའི་སྲིད་ཇུས་ལྟ་ཞིབ་དྲ་བ་ཞེས་པའི་ཐོག་རྩོམ་ཡིག་སྤེལ་ཏེ། ཀྲུང་གོ་གུང་ཁྲན་ཏང་གིས་རྩ་ཁྲིམས་ཀྱིས་རྒྱལ་ཁབ་བཅོས་སྐྱོང་ཁྲོད་བཟུང་བའི་གལ་ཆེན་ནུས་པ་ནན་བཏོན་བྱས་པ་མ་ཟད་ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་བྱས་ཡོད། རྩ་ཁྲིམས་ཡང་དུས་བསྟུན་ཡར་རྒྱས་འགྲོ་དགོས་པ་ཤིན་ཏུ་གལ་ཆེན་ཡིན། རྩ་ཁྲིམས་ལ་བཟོ་བཅོས་རྒྱག་པ་ནི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་རྒྱུའི་གོ་སྐབས་ཤིག་ཡིན། ད་ཐེངས་རྩ་ཁྲིམས་ནང་བཅུག་པའི་ཞི་ཅིང་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་རིག་གཞུང་གི་རྒྱུ་ནོར་ཡིན་པ་དང་། དེ་ཉིད་ཀྲུང་གོའི་མཛུབ་སྟོན་དགོངས་པར་འགྱུར་རྒྱུ་དང་། དགོངས་པ་དེ་དུས་རབས་འཕེལ་འགྱུར་དང་མཐུན་པའི་གསར་གཏོད་ཅིག་ཡིན་ཞེས་འཁོད་ཡོད་པ་རེད།

༼རྒྱ་གར་མྱུར་འཕྲིན་༽ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། རྩ་ཁྲིམས་ལ་བཟོ་བཅོས་རྒྱབ་པ་དེ་ཀྲུང་གོའི་གོང་འཕེལ་དམིགས་འབེན་གྱིས་ཐག་བཅད་པ་ཞིག་ཡིན། དུས་རབས་གསར་པར་སླེབས་པའི་ཀྲུང་གོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྱོང་དང་། རྒྱལ་སྤྱིའི་བྱ་དོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་རྒྱུར་སྔར་བཞིན་འགྲན་རྩོད་དྲག་པོ་འཕྲད་ཡོད། དེར་བརྟེན་རྩ་ཁྲིམས་ལ་དགོས་ངེས་ཀྱི་ལེགས་སྒྲིག་བྱས་པ་དོན་ངོ་མའི་དགོས་མཁོ་དང་མཐུན་ཡོད། རྩ་ཁྲིམས་ལ་བཟོ་བཅོས་རྒྱབ་པ་དེས་སྲིད་ཇུས་ཀྱི་རྗེས་མཐུད་རང་བཞིན་མངོན་པ་མ་ཟད་དུས་བབ་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་དེ་བས་མཚམས་མཐུན་བྱུང་ཡོད་ཅེས་འཁོད་ཡོད་པ་རེད།

༼ཡོ་རོབ་སྐབས་དོན་༽ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། ཚོགས་ཆེན་གཉིས་ཀྱིས་སྲིད་འཛིན་ཏང་གི་འདུ་ཤེས་ཁྲིམས་ལྟར་དང་ནུས་མཐོའི་ངང་མངོན་ཡོད་པ་དང་། ཀྲུང་གོའི་སྲིད་ཏང་དང་། ཆབ་སྲིད་ལམ་ལུགས་ཀྱི་བཟང་ཆ་གང་ལེགས་མངོན་ཡོད། ཀྲུང་གོའི་རྒྱལ་ཚུལ་དང་དོན་དངོས་ལ་གཞིགས་པ་དང་ནང་དོན་གསར་པ་རྒྱུན་མཐུད་གསབ་སྣོན་བྱེད་པའི་ལམ་ལུགས་དེས་ཀྲུང་གོའི་ལོ་ངོ་བཞི་བཅུའི་བསྒྱུར་བཅོས་སྒོ་དབྱེ་འཕེལ་རིམ་ཁྲོད་གསོན་ཤུགས་ཆེན་པོ་མངོན་མྱོང་བ་མ་ཟད། ཉེ་བའི་ལོ་ཤས་རིང་ནུབ་ཕྱོགས་ཆབ་སྲིད་ལ་ཟང་ཟིང་གི་རྣམ་པ་ཐོན་མང་བ་དང་། ནུབ་ཕྱོགས་རིག་གནས་པས་རང་སོའི་ལམ་ལུགས་ཀྱི་་སྐྱོན་ཆར་རང་སྐྱོན་རང་བརྟག་བྱེད་པའི་རྒྱབ་ལྗོངས་འོག་དེའི་འཛམ་གླིང་རང་བཞིན་གྱི་དོན་སྙིང་དེ་བས་ཀྱང་ཆེ་བ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།

དབྱི་དྲ་ལིའི་༼སྤྱི་མཐུན་རྒྱལ་ཁབ་ཚགས་པར་༽ཞེས་པའི་ཐོག་རྩོམ་ཡིག་སྤེལ་ཏེ། ཀྲུང་གོས་འབད་བརྩོན་ཆེན་པོས་རྒྱུན་མཐུད་གོང་འཕེལ་མངོན་འགྱུར་བྱེད་བཞིན་ཡོད། མ་འོངས་པར་ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཆགས་གཅིག་པུར་གཞི་མི་འཛིན་པར། སྤུས་ཚད་དེ་བས་མཐོ་བ་དང་། དེ་བས་རྒྱུན་མཐུད་ཅན། དེ་བས་འདྲ་མཉམ་བཅས་ཀྱི་ཕྱོགས་སུ་དོ་སྣང་བྱ་རྒྱུ་རེད་ཅེས་འཁོད་འདུག

ལྗར་མན་༼འཇར་མན་གསར་པ་༽ཞེས་པའི་ཚགས་པར་ཐོག་རྩོམ་ཡིག་སྤེལ་ནས། ཀྲུང་གོས་གསར་གཏོད་ཀྱིས་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་གོ་རིམ་ལྡན་པའི་ངང་གོང་འཕེལ་འགྲོ་བ་རྒྱུན་འཁྱོངས་བྱ་རྒྱུ་རེད། མིག་སྔར། དྲ་བའི་དཔལ་འབྱོར་དང་། རྒྱུ་ཆ་གསར་པ། རླངས་འཁོར་སྒུལ་ནུས་མ་ལག ནུས་ཁུངས་བརྗེ་བསྒྱུར། སྐྱེས་ཁམས་ལག་རྩལ། འཕྲུལ་ཆས་མིའི་ལག་རྩལ་སོགས་ཁྱབ་ཁོངས་ནང་ཀྲུང་གོ་གོང་འཕེལ་ཆེན་པོ་ཕྱིན་པ་དང་། གྲངས་གཞི་གསར་གཏོད་དང་སྤུས་ཚད་མཐོ་གཏོང་ཐད་ཀྲུང་གོ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་ཅེས་འཁོད་ཡོད།

ཨུ་རུ་སུའི་༼རང་བཙན་༽ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། འཛམ་གླིང་ལ་དུས་རབས་དབྱེ་བའི་ཆབ་སྲིད་དང་དཔལ་འབྱོར་གྱི་འཕོ་འགྱུར་འཕྲད་བཞིན་ཡོད། ཀྲུང་གོ་ནི་དེའི་ནང་གི་གསར་གཏོད་སྒུལ་ཤུགས་གཙོ་བོ་ཡིན། ༢༠༡༧ལོར། ཀྲུང་གོས་ཞིབ་འཇུག་དང་ཚོད་ལྟའི་ཁྱབ་ཁོངས་སུ་མ་གཏོང་གཏོང་ཚད་སྔོན་དཔག་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་༡༧༦༠༠ཟིན་པ་དང་། དེ་༢༠༡༢ལོ་ལས་བརྒྱ་ཆ་༧༠དང་གྲངས་ཆུང་༩འཕར་སྣོན་ཕྱིན་པ་དང་། ཀྲུང་གོར་ད་དུང་༢༠༥༠ལོར་འཛམ་གླིང་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཆེན་རྒྱལ་ཁབ་དུ་འགྱུར་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་འཁོད་ཡོད།

དབྱིན་ཇེའི་༼དཔལ་འབྱོར་རིག་པ་བ༽ཞེས་པའི་ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། ཀྲུང་གོ་དེ་ཉིད་འཛམ་གླིང་དཔལ་འབྱོར་མ་ལག་ནང་ཚུད་ཟིན་པ་དང་། གསར་གཏོད་འདུ་ཤེས་དང་ཐོན་ཁུངས་ཕུན་སུམ་ཚོགས་པ་མ་ཟད། ཁྲོམ་རའི་རིན་ཐང་ཆེན་པོ་ལྡན་པའི་ཁེ་ལས་མང་པོ་ཡོད་པས། རང་ཉིད་དང་མཉམ་ལས་རོགས་པར་ཁེ་ཕན་ཆེན་པོ་བསྐྲུན་ཡོད། ཀྲུང་གོས་ཁྲོམ་ར་སྒོ་དབྱེ་བྱས་པའི་འབད་བརྩོན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསྔགས་བརྗོད་རྒྱ་ཆེན་ཐོབ་པ་དང་། འཛམ་གླིང་དཔལ་འབྱོར་ལ་ཁོར་ཡུག་བཟང་པོ་བསྐྲུན་ཡོད་ཅེས་འཁོད་འདུག

སུའེ་ཙེར་གྱི་༼སུ་ལི་ཧྲི་གསར་པའི་༽ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་་གོང་འཕེལ་གྱི་འགྲོ་ལམ་ཐོག་སྐྱོད་རྒྱུ་དང་། རྣམ་པ་གསར་པའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། བསྒྱུར་བཅོས་ནང་ཧུར་ཐག་ཞུགས་ཏེ་འཛམ་གླིང་བཅོས་སྐྱོང་འཐུས་ཚང་དུ་གཏོང་རྒྱུ། འབད་བརྩོན་ཆེན་པོས་སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུ་བཅས་ནན་བཏོན་བྱས་ཡོད། ཀྲུང་གོའི་རྣམ་འགྱུར་ལས་ཀྲུང་གོས་གདེང་ཚོད་ཡོད་པའི་སྒོ་ནས་འཛམ་གླིང་བྱ་དོན་ནང་ཞུགས་པ་གསལ་པོ་མཐོང་ཐུབ་ཅེས་འཁོད་ཡོད་པ་རེད།

ལྗར་པན་༼ཉིན་རེའི་གསར་འགྱུར་༽ཞེས་པའི་ཚགས་པར་ཐོག་རྩོམ་ཡིག་སྤེལ་ཏེ། ཀྲུང་གོའི་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱིས་ཀྱིས་གསར་འགོད་པའི་ཚོགས་འདུའི་ཐོག ཀྲུང་གོས་འཛམ་གླིང་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱེད་པའི་ནང་དེ་བས་ཧུར་ཐག་ཞུགས་རྒྱུ་དང་། ས་ཁུལ་དང་རྒྱལ་སྤྱིའི་གནད་དོན་གཙོ་བོ་ཆབ་སྲིད་བརྒྱུད་ཐག་གཅོད་བྱེད་པའི་ནང་དེ་བས་དགེ་མཚན་ལྡན་པའི་ངང་ཞུགས་རྒྱུ་བསྟན་པ་དང་། དེའི་ཐོག་ནས་ཀྲུང་གོས་རྒྱལ་ཁབ་ཆེན་པོའི་ནུས་ལྡན་ཕྱི་འབྲེལ་ཧུར་ཐག་སྤེལ་རྒྱུ་མངོན་ཡོད་ཅེས་འཁོད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།