ལྗར་འགོག་དམག་འཁྲུག་གི་དྲན་གསོ་ཁང་གསུམ་གྱིས་ལོ་རྒྱུས་སློབ་གསོར་ཤུགས་སྣོན་རྒྱག་དགོས་པའི་གྲོས་འགོ་བཏོན་པ།
སྤེལ་བའི་དུས་ཚོད། : 2018-03-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉེ་དུས་བྱུང་བའི་སྣང་ཚུལ་ཁ་ཤས་ལ་དམིགས་ཏེ། ཀྲུང་གོའི་མི་དམངས་ལྗར་འགོག་དམག་འཁྲུག་གི་དྲན་གསོ་ཁང་དང་། ཀྲུང་གོར་བཙན་འཛུལ་བྱེད་མཁན་གྱི་ལྗར་དམག་ནས་ནན་ཅིང་དུ་དམར་གསོད་ཆེན་པོ་བྱས་པའི་ནང་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་། ཧྲེན་ཡང་༩.༡༨ལོ་རྒྱུས་བཤམས་མཛོད་ཁང་བཅས་ཀྱིས་སྤྱི་ཟླ་༣པའི་ཚེས་༡༠ཉིན་མཉམ་དུ་གསལ་བསྒྲགས་སྤེལ་ནས། ཟམ་མི་ཆད་པར་འབྲེལ་ཡོད་ཁྲིམས་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆབས་ཅིག་ཀུན་སྤྱོད་དང་ཁྲིམས་ལུགས་གཉིས་ཀར་མཐོང་ཆེན་བྱེད་པ། ལྗར་འགོག་དམག་འཁྲུག་གི་ལོ་རྒྱུས་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པའི་རེ་འབོད་བྱས་ཡོད།

མཉམ་དུ་སྤེལ་བའི་གསལ་བསྒྲགས་ནང་། དྲན་གསོ་ཁང་གསུམ་གྱིས་རིག་གནས་བཤམས་མཛོད་ཁང་གི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ནུས་པར་ཤུགས་སྣོན་བརྒྱབ་སྟེ། ལོ་རྒྱུས་ཀྱི་ལྟ་བའི་སློབ་གསོར་ཤུགས་སྣོན་རྒྱག་དགོས། རིག་གནས་བཤམས་མཛོད་ཁང་ལ་འགྲེམས་སྟོན་དང་། རིག་དངོས། དཔེ་དེབ་སོགས་སྲོལ་རྒྱུན་སློབ་གསོའི་ཐབས་ལམ་ཡོད་པའི་ཁར། སློབ་གསོའི་ཞབས་ཞུའི་ཐོན་རྫས་ཞིབ་བཟོ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། མཛད་སྒོའི་རང་བཞིན་དང་། མྱོང་རོལ་རང་བཞིན། ཞུགས་པའི་རང་བཞིན་བཅས་ཀྱི་རྣམ་པ་བརྒྱུད་དེ། རྒྱལ་གཅེས་རིང་ལུགས་དང་ཞིབ་འཇུག དེ་བཞིན་སློབ་སྦྱོང་བཅས་བཟུང་འབྲེལ་བྱས་ཏེ། ས་ཡུལ་དངོས་ཀྱི་སློབ་སྦྱོང་ནང་རྒྱལ་གཅེས་དེ་མི་སེམས་སུ་ཟུག་པ་བྱེད་པ་དང་། རྒྱལ་གཅེས་རིང་ལུགས་དེ་ལག་ལེན་དང་། དོན་འཁྱོལ་བྱེད་པའི་བྱ་སྤྱོད་ལ་འགྱུར་བ་བྱེད་དགོས་ཅེས་དང་། གསལ་བསྒྲགས་ནང་། རིག་གནས་བཤམས་མཛོད་ཁང་གིས་སྨྱན་སྦྱོར་གྱི་རྣམ་པ་མི་འདྲ་བ་བརྒྱུད་དེ་ཡང་དག་པའི་ལོ་རྒྱུས་ཀྱི་དོན་དངོས་གནས་ཚུལ་རྒྱུད་བསྒྲགས་བྱས་ནས། སྤྱི་ཚོགས་ཐོག་ཡང་དག་པའི་ལོ་རྒྱུས་ཀྱི་འདུ་ཤེས་ཆགས་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྗོད་དོན་གཙོ་བོ་དར་སྤེལ་གཏོང་བ། དྲ་བའི་གླེང་ཕྱོགས་ཀྱི་སྐྱེ་ཁམས་བཟང་པོ་བསྐྲུན་པ་བཅས་བྱས་ནས། ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་དང་། རྩེད་གཏམ་སོགས་བྱ་ངན་སྤྱོད་ངན་སྣ་ཚོགས་བཀག་འགོག་བྱེད་པ་དང་། སྨྱན་སྦྱོར་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་ཐོན་རྫས་བཟོས་ཏེ། གོམ་གང་མདུན་སྤོས་ངང་ལོ་རྒྱུས་སློབ་གསོ་ཁྱབ་བརྡལ་གཏོང་དགོས་ཅེས་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།