བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་མཇུག་སྒྲིལ་བ་དང་། ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ཡག་ཏུ་ཕྱིན་པ།
སྤེལ་བའི་དུས་ཚོད། : 2018-02-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱང་ཁོ་རེ་ཡའི་ཆེས་མཐོའི་མི་དམངས་གྲོས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཡོང་ནན་གྱིས་སྣེ་ཁྲིད་པའི་བྱང་ཁོ་རེ་ཡའི་མཐོ་རིམ་འཐུས་མི་ཚོགས་པས་སྤྱི་ཚེས་༡༡ཉིན་གྱི་དགོང་མོ་ཧྲའུ་འར་རྒྱལ་འཛུགས་ཟློས་གར་ཁང་དུ་ལྷོ་ཁོ་རེ་ཡའི་ཙུང་ཐུང་ཝེན་ཙེ་ཡན་དང་མཉམ་དུ་བྱང་ཁོ་རེ་ཡའི་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་ལ་གཟིགས་གྲུབ་རྗེས། ཉིན་གསུམ་གྱི་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་མཇུག་སྒྲིལ་བ་དང་། ཆེད་གཏོང་གནམ་གྲུར་ཞུགས་ཏེ་ཕོང་ཡང་དུ་ལོག་ཡོད་པ་རེད།

དེ་ནི་སྤྱི་ལོ་2014ལོར་བྱང་ཁོ་རེ་ཡས་མཐོ་རིམ་དཔོན་རིགས་མངགས་གཏོང་བྱས་ནས་རིན་ཁྲོན་ཨེ་ཤེ་ཡའི་ལུས་རྩལ་འགྲན་ཚོགས་ཀྱི་མཇུག་སྒྲིལ་མཛད་སྒོར་ཞུགས་ཚུན། དུས་ཡུན་ལོ་གསུམ་ལྷག་གི་རྗེས་སུ་སླར་ཡང་མཐོ་རིམ་འཐུས་མི་ཚོགས་པ་ལྷོ་ཁོ་རེ་ཡར་འཚམས་འདྲིར་བཏང་བ་ཞིག་ཡིན་ལ། ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་འཕེལ་རིམ་མེད་པ་དང་། ཕྱེད་གླིང་ཕྲན་གྱི་གནས་བབས་རྙོག་འཛིང་ཆེ་ཞིང་ཛ་དྲག་ཏུ་ཕྱིན་པའི་སྐབས་དེར་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡས་སླར་ཡང་ལུས་རྩལ་ཕྱི་འབྲེལ་ལ་བརྟེན་ནས་འབྲེལ་བ་ལེགས་བཅོས་བྱེད་པའི་སྒོ་མོ་ཕྱེ་ཡོད།

སྤྱི་ཚེས་༩ཉིན་བྱང་ཁོ་རེ་ཡའི་མཐོ་རིམ་འཐུས་མི་ཚོགས་པ་ལྷོ་ཁོ་རེ་ཡའི་རིན་ཁྲོན་གནམ་གྲུ་ཐང་དུ་འབྱོར་བ་དང་། ལྷོ་ཁོ་རེ་ཡའི་ཕིང་ཁྲང་དུ་གཉེར་བའི་སྐབས་23པའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་ཡོད་པ་རེད། འཐུས་མི་ཚོགས་པའི་ཁོངས་མིའི་ནང་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱི་དམིགས་གསལ་ཕོ་ཉ་ཡིན་པའི་ངོས་ནས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་མཁན་བྱང་ཁོ་རེ་ཡའི་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་དང་པོ་ཅིན་ཡུད་ཀྲེང་དང་། རྒྱལ་ཁབ་ལུས་རྩལ་འཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཚུའེ་ཧུའེ། མེས་རྒྱལ་ཞི་བདེ་གཅིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཧྲན་ཆོན་བཅས་ཡོད་པ་རེད།

སྤྱི་ཚེས་༩ཉིན་གྱི་དགོང་མོ། བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་འཛུགས་མཛད་སྒོར་ཞུགས་པ་དང་། ཝེན་ཙེ་ཡན་དང་ཅིན་ཡོང་ནན་གྱིས་མཛའ་བརྩེའི་ཕྱག་བཏང་ཡོད། འགོ་འཛུགས་མཛད་སྒོའི་ཐོག ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་ལུས་རྩལ་འཐུས་མི་ཚོགས་པས་ལུས་ལ་གཅིག་སྒྱུར་གྱི་གྱོན་གས་དཀར་པོ་གྱོན་པ་དང་། ལག་པའི་ཐོག་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་དར་ཆ་འཁྱེར་ཡོད། སྲོལ་རྒྱུན་དམངས་གཞས་ཨ་ལི་ལང་ཞེས་པ་དང་བསྟུན། ཚོགས་རྭ་ཡོངས་སུ་གཟིགས་མོ་བ་ཚོའི་སྤྲོ་སེམས་འཁོལ་བའི་དགའ་འབོད་ཁྲོད་མཉམ་དུ་ཚོགས་རྭར་སྐྱོད་ཡོད་པ་རེད། དེ་ནི་སྤྱི་ལོ་2007ལོར་ཀྲུང་གོའི་ཅི་ལིན་ཁྲང་ཁྲུན་དུ་གཉེར་བའི་ཨེ་ཤེ་ཡའི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡས་མཉམ་དུ་ཚོགས་རྭར་སྐྱོད་པ་ཞིག་ཡིན།

སྤྱི་ཚེས་༡༠ཉིན། ཝེན་ཙེ་ཡན་གྱིས་ཙུང་ཐུང་ལས་ཤག་ཏུ་བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པ་དང་མཇལ་འཕྲད་གནང་བ་མ་ཟད་མཉམ་དུ་ཉིན་དགུང་གི་གསོལ་སྟོན་ལ་ཞུགས་ཡོད། ཅིན་ཡུད་ཀྲེང་གིས་མཇལ་མོལ་ནང་ཝེན་ཙེ་ཡན་ལ་ཅིན་ཀྲེང་ཨེན་གྱི་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ལེགས་བཅོས་སྐོར་གྱི་ཕྱག་ཡིག་བརྒྱུད་སྤྲོད་གནང་བ་མ་ཟད། ཁོང་ནས་ཝེན་ཙེ་ཡན་ནས་བྱང་ཁོ་རེ་ཡར་འཚམས་འདྲིར་ཕེབས་རྒྱུའི་ངག་ཐོག་གདན་ཞུ་བརྒྱུད་ཞུ་གནང་ཡོད། ཝེན་ཙེ་ཡན་གྱིས། སླད་ཕྱིན་ཆ་རྐྱེན་གཏོད་ནས། བྱང་ཁོ་རེ་ཡར་འཚམས་འདྲི་ཞུ་ཐུབ་རྒྱུའི་རེ་བ་ཡོད། བྱང་ཁོ་རེ་ཡས་འཐུས་མི་ཚོགས་པས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་བ་དེས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་དེ་ཞི་བའི་ཨོ་རྩལ་འགྲན་ཚོགས་ལ་འགྱུར་ཡོད་པ་དང་། ཕྱེད་གླིང་ཕྲན་གྱི་ཛ་དྲག་གནས་བབས་ཞི་ལྷོད་དུ་གཏོང་བ་དང་། ཞི་བདེ་སྐྲུན་པ། ཕྱོགས་གཉིས་འབྲེལ་བ་ལེགས་བཅོས་བྱེད་པ་བཅས་ཀྱི་གོ་སྐབས་ལ་འགྱུར་ཡོད་ཅེས་བསྟན་ཡོད་པ་དང་། ཁོང་གིས། ལྷོ་བྱང་ཁོ་རེ་ཡའི་འབྲེལ་བའི་གོང་འཕེལ་མངོན་འགྱུར་ཡོང་ཆེད། བྱང་ཁོ་རེ་ཡ་དང་ཨ་རིའི་བར་གང་མགྱོགས་སྐད་ཆ་ཤོད་རེས་བྱེད་དགོས་པ་དང་། བྱང་ཁོ་རེ་ཡས་ཨ་རི་དང་སྐད་ཆ་ཤོད་རེས་ཧུར་ཐག་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད་པ་རེད།

ཕྱོགས་གཉིས་པོའི་བར་ད་དུང་འབད་བརྩོན་ཆེན་པོས་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་ཞི་འདུམ་གྱི་རྣམ་པ་རྒྱུན་མཐུད་བྱས་ནས། ལྷོ་བྱང་ཁོ་རེ་ཡའི་བར་གྱི་སྐད་ཆ་ཤོད་རེས་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་ཐུན་མོང་ངོས་འཛིན་བྱུང་ཡོད་པ་རེད།

བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡའི་བར་དེ་སྔོན་སྤྱི་ལོ་2000ལོ་དང་སྤྱི་ལོ་2007ལོར་འགོ་གཙོའི་མཇལ་མོལ་ཐེངས་གཉིས་བྱས་ཡོད་པ་མ་ཟད། མི་རིགས་གཅིག་སྒྱུར་ཡོང་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྤེལ་བའི་ཐད་སྔ་རྗེས་སུ་ཐུན་མོང་བསྒྲགས་གཏམ་ལ་མིང་རྟགས་ཐེངས་གཉིས་བཀོད་ཡོད། སྤྱི་ལོ་2008ལོར་ལི་མིང་པོས་ཙུང་ཐུང་གནང་རྗེས། བྱང་ཁོ་རེ་ཡའི་འཛིན་པའི་ཉི་འོད་སྲིད་ཇུས་ཞེས་པ་དོར་ཡོད་པ་དང་། མཁྲེགས་པོའི་ལམ་ཕྱོགས་བཟུང་ཡོད་པས། ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་འབྲེལ་བ་རྒྱུན་མཐུད་སྡུག་ཏུ་ཕྱིན་ཡོད་པ་རེད།

བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པས་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་རིང་། ཝེན་ཙེ་ཡན་གྱིས་འཐུས་མི་ཚོགས་པ་དང་མཉམ་དུ་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་བུད་མེ་ཀྱི་འཁྱག་སྟེང་སྤོ་ལོའི་མཉམ་འབྲེལ་རུ་ཁག་དང་སུའེ་ཙེར་རུ་ཁག་གི་འགྲན་བསྡུར་ལ་གཟིགས་གནང་ཡོད། ལྟད་མོ་ལྟ་སའི་ཐོག གྱོན་ཆས་དམར་པོ་གྱོན་པའི་བྱང་ཁོ་རེ་ཡའི་ངར་སློང་རུ་ཁག་གིས་སྐད་གསང་མཐོན་པོས་ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ཡིན་ཞེས་པའི་འབོད་ཚིག་སྒྲོག་པ་དང་། དཀའ་སྤྲོའི་ངང་བྱང་ཁོ་རེ་ཡའི་གླུ་གཞས་བཏང་ནས། ལྷོ་བྱང་ཁོ་རེ་ཡའི་མཉམ་འབྲེལ་རུ་ཁག་ལ་སྐུལ་མ་བཏང་ཡོད་པ་རེད། དེའང་ལྷོ་བྱང་ཁོ་རེ་ཡའི་བར་དུས་ཡུན་ལོ་27རྗེས་སླར་ཡང་མཉམ་འབྲེལ་རུ་ཁག་བཙུགས་ནས་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ཆེ་གྲས་ལ་ཞུགས་པ་ཞིག་ཡིན། བྱང་ཁོ་རེ་ཡའི་སྒྱུ་རྩལ་ཚོགས་པས་ཅང་ལིན་དང་ཧྲའུ་འར་དུ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཆེད་འཁྲབ་སྟོན་ཐེངས་གཉིས་བྱས་པ་དང་། ས་ཆ་དངོས་སུ་རྣམ་པ་འཁྲུག་པོ་ཡོད་པ་དང་། དགའ་སྤྲོའི་སྐད་སྒྲ་དང་ཐལ་མོའི་རྡེབ་སྒྲ་ཡང་སེ་སྒྲོག་ཡོད་པ་རེད།

ན་ནིང་སྤྱི་ཟླ་༦པར། ཝེན་ཙེ་ཡན་གྱིས་འཚམས་འདྲིར་ཕེབས་པའི་རྒྱལ་སྤྱིའི་ཐའེ་ཆོན་དྲག་རྩལ་མཉམ་འབྲེལ་ཚོགས་པའི་བྱང་ཁོ་རེ་ཡའི་དཔོན་རིགས་དང་མཇལ་འཛོམས་གནང་སྐབས། བྱང་ཁོ་རེ་ཡ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་རྒྱུར་དགའ་བསུ་ཞུ་བའི་ལངས་ཕྱོགས་ཐེངས་དང་པོ་བསྟན་ཡོད། ད་ལོའི་སྤྱི་ལོའི་ལོ་གསར་སྐབས། ཅིན་ཀྲེང་ཨེན་གྱིས་ལོ་གསར་གྱི་སྨོན་ཚིག་ནང་འཐུས་མི་ཚོགས་པ་མངགས་གཏོང་བྱས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་འདོད་ཚུལ་བསྟན་ཡོད། སྤྱི་ཟླ་༡པོའི་ཚེས་༩ཉིན། བྱང་ཁོ་རེ་ཡ་དང་ལྷོ་ཁོ་རེ་ཡས་པན་མན་ཏན་དུ་མཐོ་རིམ་མཇལ་མོལ་གནང་ནས། བྱང་ཁོ་རེ་ཡ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པ་དང་། ཕྱོགས་གཉིས་པོས་དམག་དོན་ཚན་པའི་བར་གྱི་མཇལ་མོལ་བྱེད་པ་སོགས་བྱ་དོན་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད། དེའང་སྤྱི་ལོ་2015ལོའི་ཟླ་བ་༡༢པར་ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡའི་པུའུ་ཀྲང་གཞོན་པ་རིམ་པའི་མཇལ་མོལ་རྗེས་དུས་ཡུན་ལོ་གཉིས་ལྷག་རྗེས་ཀྱི་སྲིད་གཞུང་བར་གྱི་མཇལ་མོལ་ཞིག་ཡིན་པ་རེད།

ཕྱི་ཕྱོགས་ནས། ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་ལ་བརྟེན་ནས། བྱང་ཁོ་རེ་ཡས་ཅིན་ཀྲེང་ཨེན་གྱི་དམིགས་གསལ་ཕོ་ཉ་ཚུད་པའི་མཐོ་རིམ་འཐུས་མི་ཚོགས་པ་མངགས་གཏོང་བ་བྱས་པ་དང་དུས་མཚུངས་སུ། ལུས་རྩལ་དང་རིག་གནས་སོགས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་འཐུས་མི་ཚོགས་པ་མངགས་གཏོང་བྱས་ཏེ་ལྷོ་ཁོ་རེ་ཡར་འཚམས་འདྲི་གནང་བ་དེས། བྱང་ཁོ་རེ་ཡས་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་འཕེལ་རིམ་མེད་པའི་གནས་བབས་འགག་གཏོར་བྱེད་པའི་ལྷག་བསམ་མངོན་ཡོད་པ་དང་། མི་རིགས་ཞི་འདུམ་གྱི་བརྡ་བཟང་པོ་ཞིག་སྤྲད་ཡོད་པས། ས་ཁུལ་གྱི་ཛ་དྲག་གནས་བབས་ཞི་ལྷོད་དུ་གཏོང་བ་དང་། ཕྱེད་གླིང་ཕྲན་གྱི་སྐད་ཆ་ཤོད་རེས་དང་ཞི་བའི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།