ཐེ་རོན་ཕུ་སྲིད་གཞུང་གིས་སྤྱི་ལོ་༢༠༡༩ལོའི་ནོར་སྲིད་ལོ་འཁོར་གྱི་སྲིད་གཞུང་སྔོན་རྩིས་སྙན་ཞུ་སྤྱི་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2018-02-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༢ཉིན། ཐེ་རོན་ཕུ་སྲིད་གཞུང་གིས་ཨ་རིའི་རྒྱལ་ཚོགས་ལ་སྤྱི་ལོ་༢༠༡༩ལོའི་ནོར་སྲིད་ལོ་འཁོར་གྱི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ནོར་སྲིད་སྔོན་རྩིས་སྙན་ཞུ་ཕུལ་ཡོད་པ་རེད། སྙན་ཞུའི་ནང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་སྤྱི་ལོ་༢༠༡༩ལོའི་ནོར་སྲིད་ལོ་འཁོར་གྱི་སྔོན་རྩིས་སྤྱི་འབོར་ཨ་སྒོར་དུང་ཕྱུར་ཁྲི་བཞི་དང་བཞི་སྟོང་ཟིན་རྒྱུ་ཡིན་པ་འཁོད་ཡོད་པ་དང་། སྙན་ཞུའི་ནང་དོན་ལ་གཞིགས་ན། ཨ་རིའི་རྒྱལ་སྲུང་གི་སྔོན་རྩིས་དེ་སྤྱི་ལོ་༢༠༡༩ལོའི་ནོར་སྲིད་ལོ་འཁོར་ནང་ཨ་སྒོར་དུང་ཕྱུར་༧༡༦༠འཕར་རྒྱུ་ཡིན་པ་དང་། དེའི་ཁྲོད་ནས་རྒྱལ་སྲུང་པུས་བཀོལ་སྤྱོད་ཆོག་པའི་ཁོངས་སུ་གཏོགས་པའི་སྔོན་རྩིས་ཨ་སྒོར་དུང་ཕྱུར་༦༨༦༡ཡིན་པ་རེད། མཐའ་མཚམས་དོ་དམ་གྱི་ཐད། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ཨ་སྒོར་དུང་ཕྱུར་༢༣༠བཏང་ནས། ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་སུ་བར་གཅོད་གྱང་བསྐྲུན་རྒྱུ་དང་། མཐའ་མཚམས་ཁྲིམས་འཛིན་མི་སྣ་མང་དུ་གཏོང་རྒྱུ། ཁྲིམས་འགལ་གནས་སྤོས་ཡུལ་མིར་དམིགས་པའི་བཀག་ཉར་ཁྲིམས་ཆད་མང་དུ་གཏོང་རྒྱུ་སོགས་ཀྱི་ཐད་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་ད་དུང་ཨ་སྒོར་དུང་ཕྱུར་༡༣༠བཏོན་ནས། ཨ་ཕེན་རིགས་ཀྱི་དུག་རྫས་གང་སར་ཁྱབ་པའི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པ་དང་། དེ་མིན་ད་དུང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གིས་མ་འོངས་ལོ་༡༠ནང་ཨ་སྒོར་དུང་ཕྱུར་༢༠༠༠བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་བསྐྲུན་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། རིན་ཆེན་དབང་འདུས།