ལྷོ་ཁོ་རེ་ཡས་བྱང་ཁོ་རེ་ཡར་སྤྱི་ཚེས་༡༥ཉིན་བྱང་ཁོ་རེ་ཡའི་འཐུས་མི་ཚོགས་པ་དང་དངོས་གཉེར་གླེང་མོལ་བྱ་རྒྱུའི་གྲོས་འགོ་བཏོན་པ།
སྤེལ་བའི་དུས་ཚོད། : 2018-01-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་ཁོ་རེ་ཡའི་གཅིག་གྱུར་པུས་སྤྱི་ཚེས་༡༢ཉིན། ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་ཉིན་དེར་བྱང་ཁོ་རེ་ཡའི་ཕྱོགས་ལ་སྤྱི་ཚེས་༡༥ཉིན་གྱི་ཆུ་ཚོད་བཅུ་པར་པན་མན་ཏེན་གྱི་ལྷོ་ཁོ་རེ་ཡའི་ཕྱོགས་ཀྱི་ཞི་བའི་ཁྱིམ་གཞི་ཞེས་པར་བྱང་ཁོ་རེ་ཡའི་ཕྱོགས་ཀྱི་འཐུས་མི་ཚོགས་པས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་སྐོར་གྱི་དངོས་གཉེར་གྲོས་ཚོགས་འཚོག་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་བཤད་འདུག

ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་ཉིན་དེའི་ཕྱི་དྲོ་པན་མན་ཏེན་གྱི་འབྲེལ་གཏུག་ཐབས་ལམ་བརྒྱུད་བྱང་ཁོ་རེ་ཡའི་ཕྱོགས་ལ་གྲོས་འགོ་དེ་བརྡ་ཁྱབ་བཏང་བ་མ་ཟད། བྱང་ཁོ་རེ་ཡའི་ཕྱོགས་ནས་གཅིག་གྱུར་པུའི་དཔོན་རིགས་གཞོན་པ་ཆན་ཧའེ་ཁྲེང་ཡིས་དབུ་བཞུགས་འཐུས་མི་ཚོགས་པ་གནང་བའི་མི་གསུམ་གྱི་འཐུས་མི་ཚོགས་པ་གླེང་མོལ་ལ་ཞུགས་རྒྱུར་མངག་གཏོང་བྱེད་དགོས་པའི་བརྡ་ཐོ་བཏང་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་ནས་དུས་མཚུངས་སུ་བྱང་ཁོ་རེ་ཡར་བྱང་ཁོ་རེ་ཡའི་ཕྱོགས་ཀྱི་འཐུས་མི་ཚོགས་པ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་འབྲེལ་ཡོད་རིག་གནས་བྱེད་སྒོར་ཞུགས་རྒྱུའི་སྐོར་གྱི་ལངས་ཕྱོགས་ཡིག་ཆ་ཕུལ་ཡོད་པ་རེད།

ལྷོ་ཁོ་རེ་ཡ་དང་བྱང་ཁོ་རེ་ཡས་སྤྱི་ཚེས་༩ཉིན་གྱི་དགོང་མོ་པན་མན་ཏེན་དུ་མཐོ་རིམ་གླེང་མོལ་མཇུག་འགྲིལ་ཡོད། ཕྱོགས་གཉིས་པོས་ཐུན་མོང་གསལ་བསྒྲགས་སྤེལ་བའི་ནང་། བྱང་ཁོ་རེ་ཡའི་ཕྱོགས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་དང་། ཕྱོགས་གཉིས་པོས་དམག་དོན་སྡེ་ཁག་གི་གླེང་མོལ་བྱ་རྒྱུ་སོགས་ཀྱི་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་ཅེས་འཁོད་ཡོད་པ་དང་། ཕྱོགས་གཉིས་པོས་ད་དུང་ཁྱབ་ཁོངས་ཁག་ནང་གླེང་མོལ་བྱས་ཏེ་སྐད་ཆ་ཤོད་རེས་དང་གྲོས་མོལ་བརྒྱུད་གནད་དོན་ཐག་གཅོད་བྱ་རྒྱུའི་ནན་བཤད་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱ་མཚོ།