རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པར་དགའ་བསུ་ཞུས་པ་ཞེས་པ།
སྤེལ་བའི་དུས་ཚོད། : 2018-01-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལྷོ་བྱང་ཁོ་རེ་ཡས་སྤྱི་ཚེས་༩ཉིན་པན་མན་ཏན་དུ་མཐོ་རིམ་གྲོས་མོལ་བྱས་ནས། བྱང་ཁོ་རེ་ཡས་འཐུས་མི་ཚོགས་པ་མངག་གཏོང་བྱས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་དང་། ལྷོ་བྱང་ཁོ་རེ་ཡས་དམག་དོན་དང་ཁྱབ་ཁོངས་གཞན་དག་གི་གྲོས་མོལ་བྱ་རྒྱུ་སོགས་བྱ་དོན་མང་པོའི་ཐད་གྲོས་མཐུན་བྱུང་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ནས་དེའི་ཐད་དགའ་བསུ་ཞུས་ཡོད་པ་དང་། དེས་ལྷོ་བྱང་ཁོ་རེ་ཡའི་འབྲེལ་བ་ལེགས་བཅོས་བྱ་རྒྱུ་དང་། ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་སྤྱི་ཚེས་༩ཉིན་མགྲིན་ཚབ་པ་བརྒྱུད་གསལ་བསྒྲགས་སྤེལ་ནས། ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་པར་དགའ་བསུ་ཞུས་ཡོད་པ་དང་། ལྷག་པར་དུ་ཕྱོགས་གཉིས་པོས་དམག་དོན་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་རྒྱུ་དང་། དམག་དོན་གྲོས་མོལ་བྱ་རྒྱུ་སོགས་ཀྱི་བྱ་དོན་ཐད་གྲོས་མཐུན་བྱུང་བར་དགའ་བསུ་ཞུས་པ་མ་ཟད། ཐབས་ལམ་དེ་རིགས་སླར་གསོ་དང་དེར་ཤུགས་སྣོན་རྒྱབ་ཚེ་དེས་བཟོས་པའི་ནོར་འཛོལ་དང་གོ་ནོར་ཐེབས་པ་ལས་བྱུང་བའི་ཉེན་ཁ་ཆུང་དུ་གཏོང་རྒྱུ་དང་ས་ཁུལ་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་རྒྱུའི་ངོས་འཛིན་གནང་ཡོད་པ་རེད། ཁོང་གིས། ལྷོ་བྱང་ཁོ་རེ་ཡ་ཕྱོགས་གཉིས་པོའི་འབྲེལ་གཏུག་དང་འབད་བརྩོན་དེ་རིགས་ཀྱིས་ལྷག་བསལ་ཟོལ་མེད་ཀྱི་སྐད་ཆ་ཤོད་རེས་སླར་གསོ་བྱ་རྒྱུ་དང་། དེར་བརྟེན་ནས་ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་ཡུན་རིང་ཞི་བདེ་དང་རྡུལ་ཉིང་མེད་པ་མངོན་འགྱུར་ཐུབ་པའི་རེ་བ་གནང་ཡོད་པ་རེད།

ཀུ་ཐེ་ལེ་སིས་ད་དུང་བྱང་ཁོ་རེ་ཡས་འཐུས་མི་ཚོགས་པ་མངག་གཏོང་བྱས་ཏེ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་ཐག་བཅད་པར་དགའ་བསུ་ཞུས་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱིས་རྒྱལ་ཁབ་ཁག་བར་ཞི་བདེ་དང་ཁོག་ཡངས། བསམ་ཤེས་བཅས་བྱེད་པའི་ཁོར་ཡུག་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་ཐུབ་པས། དེ་ནི་ཁོ་རེ་ཡ་ཕྱེད་གླིང་ཕྲན་དང་ས་ཁུལ་གཞན་དག་གི་ངོས་ནས་བཤད་ན་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཨ་རིའི་རྒྱལ་དོན་ཁང་གི་མགྲིན་ཚབ་པ་ནོར་ཐེས་སྤྱི་ཚེས་༩ཉིན་གསལ་བསྒྲགས་སྤེལ་ནས། ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་གྱི་དམིགས་ཡུལ་ནི་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་འཇགས་དང་བདེ་བླག་ངང་འཚོགས་ཐུབ་རྒྱུར་འགན་སྲུང་བྱ་རྒྱུ་དེ་ཡིན་པས། ཨ་རིས་དེར་དགའ་བསུ་ཞུ་རྒྱུ་ཡིན། ཨ་རིས་འབད་བརྩོན་ལྷོད་མེད་ཀྱིས་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་འཇགས་དང་བདེ་བླག་ངང་འཚོགས་ཐུབ་པ་བྱ་རྒྱུ་མ་ཟད་མཐོ་རིམ་འཐུས་མི་ཚོགས་པ་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་མངག་གཏོང་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ལྗར་ཕན་སྲིད་གཞུང་གིས་སྤྱི་ཚེས་༩ཉིན་བྱང་ཁོ་རེ་ཡས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་ཁྱབ་བསྒྲགས་བྱས་པར་དགའ་བསུ་ཞུས་ཡོད་པ་རེད། ལྗར་ཕན་ཨོ་རྩལ་འགྲན་ཚོགས་ཀྱི་འགན་ཁུར་བློན་ཆེན་ལིང་མུ་ཅུན་དབྱི་ཡིས། ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་དེ་ཆབ་སྲིད་དང་རྒྱང་དུ་བསྐྱེད་བཞིན་ཡོད། རྒྱལ་ཁབ་མང་པོ་ཐེ་ཞུགས་བྱེད་པའི་ལུས་རྩལ་རྒྱས་འཛོམས་ཤིག་གཉེར་བ་དེ་ཁོ་ན་ལས་སླ་པོ་ཞིག་མ་རེད་ཅེས་བཤད་ཡོད་པ་དང། ལྗར་ཕན་ནང་བློན་ཁང་གི་དྲུང་ཆེ་ཅན་དབྱི་ཝེས་ཉིན་དེ་རང་ལ། ཨོ་རྩལ་འགྲན་ཚོགས་ནི་ཞི་བདེའི་རྒྱས་འཛོམས་ཤིག་ཡིན་པས། བྱང་ཁོ་རེ་ཡའི་རྣམ་འགྱུར་ལ་འགྱུར་བ་ཕྱིན་པར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།

ཨུ་རུ་སུའི་ཙུང་ཐུང་གི་གསར་འགྱུར་དྲུང་ཡིག་ཕེ་སི་ཁོ་ཧྥུས་སྤྱི་ཚེས་༩ཉིན། ཨུ་རུ་སུས་ལྷོ་བྱང་ཁོ་རེ་ཡའི་བར་ཐད་ཀའི་སྐད་ཆ་ཤོད་རེས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཙུང་ཐུང་ཕུ་ཅིང་གིས་སྔར་ནས་ད་བར་དེའི་རིགས་ཀྱི་སྐད་ཆ་ཤོད་རེས་ཀྱི་གལ་ཆེའི་རང་བཞིན་ལ་ནན་སྟོན་གནང་གི་ཡོད། གང་ལགས་ཤེ་ན། སྐད་ཆ་ཤོད་རེས་བྱེད་པ་ནི་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་བའི་ཐབས་ལམ་ཉག་ཅིག་དེ་ཡིན། ཨུ་རུ་སུའི་གྲོས་ཚོགས་ཕྱོགས་ནས་ཉིན་དེ་རང་ལ་ལྷོ་བྱང་ཁོ་རེ་ཡས་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་ཕྱེད་གླིང་ཕྲན་གྱི་གནས་བབ་ཐད་སྐད་ཆ་ཤོད་རེས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་པོའི་སྐད་ཆ་ཤོད་རེས་ལ་དགོས་ངེས་ཀྱི་རོགས་རམ་བྱ་འདོད་ཀྱང་ཡོད་ཅེས་བཤད་ཡོད་པ་རེད།

ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་སྐུ་ཚབ་མོ་ཀེ་ལི་ཉིས་སྤྱི་ཚེས་༩ཉིན་གྱི་དགོང་མོ་གསལ་བསྒྲགས་སྤེལ་ནས། ལྷོ་བྱང་ཁོ་རེ་ཡའི་མཐོ་རིམ་གྲོས་མོལ་ནི་མི་ལ་སྐུལ་མ་ཐེབས་པའི་བརྡ་འཕྲིན་ཞིག་ཡིན་ཞིང་། ཕྱོགས་གཉིས་པོས་འབྲེལ་བ་ལེགས་བཅོས་བྱ་རྒྱུའི་ཐད་དགེ་མཚན་ལྡན་པའི་གོམ་སྟབས་ཤིག་སྤོས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་བྱང་ཁོ་རེ་ཡས་འཐུས་མི་ཚོགས་པ་མངག་གཏོང་བྱས་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་དང་ལྷོ་བྱང་ཁོ་རེ་ཡས་དམག་དོན་གྲོས་མོལ་བྱ་རྒྱུའི་ཐད་དགའ་བསུ་ཞུས་ཡོད་ལ། དེས་ཕྱེད་གླིང་ཕྲན་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་འགྲོ་རྒྱུར་ཕན་ཐོགས་ཡོད་པའི་ངོས་འཛིན་བྱས་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ད་ཐེངས་ཀྱི་གྲོས་མོལ་དང་དེ་བཞིན་ལྷོ་བྱང་ཁོ་རེ་ཡའི་བར་གྱི་སྔོན་དཔག་བྱེད་ཐུབ་པའི་སྔར་ལས་ལྷག་པའི་སྤེལ་རེས་དེ་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་ཞི་བདེ་དང་བརྟན་ལྷིང་གི་རྨང་རྡོར་གྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་ཁོ་རེ་ཡ་ཕྱེད་གླིང་ཕྲན་དུ་རྡུལ་ཉིང་མེད་པ་བྱ་རྒྱུའི་དམིགས་འབེན་ཆེད་འབད་བརྩོན་བྱ་རྒྱུ་ཡིན་ཞེས་བཤད་ཡོད་པ་རེད།
ཨ་རིའི་རིག་མཛོད་ཀྱི་ལྷོ་ཁོ་རེ་ཡའི་དཔལ་འབྱོར་ཞིབ་འཇུག་ཁང་གི་མཐོ་རིམ་ཀྲུའུ་རིན་སི་ཐན་ཅ་ལུང་གིས། ལྷོ་བྱང་ཁོ་རེ་ཡའི་སྐད་ཆ་ཤོད་རེས་ལ་གནོན་ཤུགས་ཆེན་པོ་སྤྲོད་མི་ཉན། སྐད་ཆ་ཤོད་རེས་ཀྱིས་ཕྱེད་གླིང་ཕྲན་གྱི་ཛ་དྲག་གནས་བབ་ཞི་ལྷོད་དུ་གཏོང་རྒྱུར་རོགས་རམ་ཐུབ་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་འཚོགས་རྒྱུར་འགན་སྲུང་ཐུབ་ཚེ་དེ་ཉིད་ལེགས་གྲུབ་ལྡན་པ་ཞིག་ཡིན་ཞེས་བཤད་ཆོག་ཅེས་བཤད་ཡོད་པ་རེད།

ཨ་རིའི་ཁོ་རེ་ཡ་ཕྱེད་གླིང་ཕྲན་གནད་དོན་གྱི་རིགས་གཅིག་མཁས་པ་ལུ་ལེ་ཧན་གྱིས། ལྷོ་བྱང་ཁོ་རེ་ཡའི་ད་ཐེངས་ཀྱི་གྲོས་མོལ་དེ་གཏམ་བཟང་སྤྱིར་བཏང་ཞིག་མ་ཡིན་ཞིང་། དེས་ལྷོ་བྱང་ཁོ་རེ་ཡའི་བར་ཞི་བདེ་དང་སྐད་ཆ་ཤོད་རེས་བྱ་རྒྱུར་འབད་བརྩོན་བྱེད་པའི་ཐད་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་རྒྱུ་དང་། རྗེས་མཐུད་ཤུགས་རྐྱེན་ཡག་པོ་ཐོན་རྒྱུ་ཡིན། དེས་ཨ་རི་དང་བྱང་ཁོ་རེ་ཡའི་བར་ཐད་ཀར་སྐད་ཆ་ཤོད་རེས་སླར་གསོ་དང་། ཐུན་མོང་ཐོག་ས་ཁུལ་གྱི་ཞི་བདེར་སྐུལ་འདེད་གཏོང་ཆེད་ལམ་བུ་གཏོད་རྒྱུ་ཡིན། མིག་སྔར། ལྷོ་བྱང་ཁོ་རེ་ཡའི་ཞི་བདེའི་འཕེལ་རིམ་འགོ་ཚུགས་ཙམ་ཡིན་པས། ཕྱོགས་ཁག་གིས་ལྷོ་བྱང་ཁོ་རེ་ཡའི་སྐད་ཆ་ཤོད་རེས་ལ་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས་པ་མ་ཟད། སྐད་ཆ་ཤོད་རེས་ཀྱི་འཕེལ་ཚུལ་རྒྱུན་འཁྱོངས་དང་གདོང་གཏུག་ཐོན་ཚད་ཉུང་དུ་གཏོང་བའི་རྒྱུད་རིམ་ནང་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།