ཅེ་རུ་ས་ལེམ་རྒྱལ་སར་ཁས་ལེན་བྱས་པའི་ཐེ་རོན་ཕུའི་གཏན་འབེབས་དེར་རྒྱལ་ཁབ་མང་པོས་ཐ་ཚིག་བཏང་བ།
སྤེལ་བའི་དུས་ཚོད། : 2017-12-07 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་དཔོན་རིགས་ནས་སྤྱི་ཚེས་ལྔ་ཉིན་ཙུང་ཐུང་ཐེ་རོན་ཕུས་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་དྲུག་ཉིན་ཅེ་རུ་ས་ལམ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་བྱས་ཡོད། འོན་ཀྱང་དབྱི་སི་རལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཅེ་རུ་ས་ལམ་དུ་སྤོ་བའི་ལས་དོན་སྔོན་དཔག་བྱས་ན་ལོ་ཁ་ཤས་སོང་བའི་རྗེས་གཞི་ནས་ལེགས་གྲུབ་ཡོང་ཐུབ་ཅེས་བཤད་ཡོད་པ་རེད།

ཨ་རིའི་ཙུང་ཐུང་གི་རྣམ་འགྱུར་སྟོན་ཐེངས་དང་པོ་དེར་དབུས་ཤར་རྒྱལ་ཁབ་མང་པོའི་ངོ་རྒོལ་དྲག་པོ་ཕོག་ཡོད། དབུས་ཤར་རྒྱལ་ཁབ་མང་པོས་བྱེད་སྟངས་དེས་ཉེན་ཁ་ཆེ་བའི་མཇུག་འབྲས་བཟོ་སྲིད་པ་དང་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་གཏོར་བཤིག་གཏོང་སྲིད་ཅེས་ཐ་ཚིག་བཏང་ཡོད།

ཨ་རིའི་སྲིད་གཞུང་གི་དཔོན་རིགས་ནས་སྤྱི་ཚེས་ལྔ་ཉིན་གྱི་དགོང་མོ་གསར་འགྱུར་ལས་རིགས་ལ་གནས་ཚུལ་ཟུར་གསལ་བྱེད་པའི་ཚོགས་འདུ་འཚོགས་པ་དང་། རང་མིང་མི་བཤད་པའི་དཔོན་རིགས་གསུམ་གྱིས་ཐེ་རོན་ཕུའི་བྱེད་སྟངས་འདི་ནི་གཙོ་བོ་ཁོང་ཚོའི་ངོས་ཀྱིས་དོན་དངོས་ཟེར་བར་ཁས་ལེན་བྱས་པ་ཞིག་ཡིན་ལ་འགྲན་འདེམས་སྐབས་ཁས་ལེན་བྱས་པ་ཞིག་ཀྱང་ཡིན། དུས་མཚུངས་སུ་དབྱི་སི་རལ་ལ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཐེ་ལ་ཝེ་ཧྥུ་ནས་ཅེ་རུ་ས་ལམ་ལ་གནས་སྤོ་བྱེད་པའི་ལས་དོན་འགོ་འཛུགས་རྒྱུ་ཡིན་པ་རེད། འོན་ཀྱང་། མི་སྣ་དང་བདེ་སྲུང་སོགས་ཀྱི་གནད་དོན་དབང་གིས་གཞུང་ཚབ་ཁང་གནས་སྤོ་བྱེད་པའི་ལས་དོན་སྔོན་དཔག་བྱས་ན་ལོ་ཁ་ཤས་འགོར་རྒྱུ་རེད་ཅེས་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཐེ་རོན་ཕུས་སྤྱི་ཚེས་དྲུག་ཉིན་གཞུང་ཚབ་ཁང་གནས་སྤོ་བྱ་རྒྱུ་ནར་འགྱངས་གཏོང་བའི་བཀའ་རྒྱར་མིང་རྟགས་འགོད་རྒྱུ་ཡིན་པ་རེད།

དཔོན་རིགས་དེ་དག་གིས་གཞུང་ཚབ་ཁང་གསར་པའི་ས་ཆ་ཕ་ལི་སི་ཐན་དང་དབྱི་སི་རལ་བར་རྩོད་གཞི་ཡོད་པའི་ཤར་ཅེ་རུ་ས་ལམ་དུ་ཡིན་མིན་གསལ་པོ་བསྟན་མེད་པ་རེད།

ཨ་རིའི་དཔོན་རིགས་ཀྱིས་ཐེ་རོན་ཕུས་སྔར་བཞིན་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་གྲོས་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་བཞིན་ཡོད་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་རྒྱབ་སྐྱོར་བྱ་རྩིས་ཡོད་ཅེས་བསྟན་ཡོད།

ཉིན་དེའི་ཞོགས་པ། ཐེ་རོན་ཕུས་ཁག་སོ་སོར་ཕ་ལི་སི་ཐན་དང་། ཅོར་ཏན། སོ་ཏེ་ཨ་རབ། ཨེ་ཅིབ་སོགས་ས་ཁུལ་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ཁ་པར་བརྒྱུད་གོང་གསལ་གྱི་གཏན་འབེབས་བརྡ་ཁྱབ་བཏང་ཡོད། རྒྱལ་ཁབ་ཁག་གིས་བྱེད་སྟངས་དེས་ཉེན་ཁ་ཆེ་བའི་མཇུག་འབྲས་བཟོ་སྲིད་པ་དང་། ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་བའི་འཕེལ་རིམ་ལ་གཏོར་བཤིག་གཏོང་སྲིད་ལ་འཛམ་གླིང་ཡོངས་ཀྱི་མུ་སི་ལིན་གྱི་བརྩེ་སེམས་ལ་གནོད་འཚེ་ཚབས་ཆེན་བཟོ་སྲིད་ཅེས་ཐ་ཚིག་བཏང་ཡོད་པ་རེད།

ཐེ་རོན་ཕུས་ནམ་ཞིག་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་ཚེ། དབུས་ཤར་ས་ཁུལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཤུགས་རྐྱེན་རབ་དང་རིམ་པ་ཐེབས་ངེས་ཡིན་པ་རེད།དེ་ཡང་གཅིག་ནི། བྱེད་སྟངས་དེས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་ཞི་གྲོས་ལ་གཏོར་བཤིག་ཐེབས་ཏེ་རེས་འཁོར་གསར་པའི་ཕ་ལི་སི་ཐན་དང་དབྱི་སི་རལ་བར་གདོང་ཐུག་ཐོན་སྲིད་པ་དང་། ས་ཁུལ་གྱི་ཛ་དྲག་དུས་བབ་ཤུགས་ཆེར་འགྲོ་སྲིད། ཐུར་ཁེའི་ཙུང་ཐུང་ཨེར་ཏོ་ཨན་གྱིས། གལ་ཏེ་ཨ་རིས་ཅེ་རུ་ས་ལམ་ནི་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་བླངས་ཚེ་ཐུར་ཁེས་དབྱི་སི་རལ་དང་ཕྱི་འབྲེལ་འབྲེལ་བ་གཅོད་རྒྱུ་ཡིན་ཞེས་བཤད་ཡོད།

གཉིས་ནི། ཨ་རིའི་མངོན་གསལ་དོད་པའི་ཕྱོགས་ཞེན་དེའི་ལངས་ཕྱོགས་ཀྱིས་ཕ་ལི་སི་ཐན་ཕྱོགས་ཀྱི་ཡིད་ཆེས་མེད་པར་འགྱུར་ནས་དུས་ཡུན་རིང་པོའི་ནང་ཨ་རིས་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་གནད་དོན་ཐད་བྱས་པའི་འབད་བརྩོན་ཆུད་ཟོས་སུ་འགྲོ་སྲིད། བྱེད་སྟངས་དེས་དབྱི་སི་ལན་རྒྱལ་ཁབ་ཀྱིས་ཡོངས་ཁྱབ་ཏུ་ཨ་རིར་ངོ་རྒོལ་དང་དབྱི་སི་རལ་ལ་ངོ་རྒོལ་བྱེད་པའི་བསམ་པ་སྐྱེ་བཟོ་ཡོད་པས། ཨ་རིའི་རྒྱལ་སྤྱིའི་ཐོག་གི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཤུགས་བཅས་ལ་གནོད་འཚེ་ཕོག་བཟོ་ཡོད་པ་རེད།

གཞན་ཡང་། དབྱི་སི་ལན་རྒྱལ་ཁབ་ལ་བཅའ་སྡོད་ཨ་རིའི་ཕྱི་འབྲེལ་མི་སྣའི་མི་ལུས་བདེ་འཇགས་ཀྱང་འགོག་རྒོལ་བྱེད་སྒོའི་དབང་གིས་འཇིགས་སྣང་ཕོག་བཟོ་ཡོད་པ་རེད། ཨ་རིའི་ཆབ་སྲིད་མཁས་པའི་ཁྲོད་སྐད་ཆ་འདི་འདྲ་ཞིག་ཡོད་པ་སྟེ། ཕྱི་འབྲེལ་ལ་རྒྱལ་ནང་སྲིད་ཇུས་ཀྱི་ཐེ་ཇུས་མང་པོ་ཕོག་མི་རུང་། ཏང་གཉིས་པོས་ཕྱི་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཐད་འཐབ་ཕྱོགས་གཅིག་གྱུར་མངོན་པ་བྱེད་དགོས་ཞེས་པ་དེ་རེད། བྱ་ཐབས་དེ་ལྟ་བུས་ཨ་རིས་ཕྱི་ཕྱོགས་ལ་འཛིན་པའི་སྲིད་ཇུས་རྒྱུན་མཐུད་ཐུབ་རྒྱུར་འགན་ལེན་ཐུབ་ལ། རྒྱལ་སྤྱིའི་དུས་བབ་བརྟན་ལྷིང་ཡོང་རྒྱུར་ཡང་རོགས་རམ་བྱེད་ཐུབ།

ཐེ་རོན་ཕུས་གལ་ཏེ་ཅེ་རུ་ས་ལམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པར་མཐར་ཁས་བླངས་ཚེ། འགྲན་འདེམས་ནང་ཞུགས་སྐབས་ཀྱི་ཁས་ལེན་ཁ་ཤད་ལག་བསྟར་ཐུབ་ཡོད་ལ་དབྱི་སི་རལ་ལ་དགའ་ཉེ་བསྟེན་མཁན་སྲུང་འཛིན་ཤོག་ཁག་གི་འདེམས་དམངས་ཀྱི་དགའ་བསུ་ཐོབ་པ་དང་ཆབ་སྲིད་ཐད་བཟང་ཆ་ཐོབ་སྲིད། འོན་ཀྱང་ཞི་ལྷོད་དུ་འགྲོ་བའི་ཕ་ལི་སི་ཐན་དང་དབྱི་སི་རལ་གྱི་རྩོད་གཞིར་འགན་ཟླ་གསར་པ་བཟོ་སྲིད། རྒྱལ་ནང་གི་ཆབ་སྲིད་ཁོ་ནར་བསམ་གཞིགས་བྱེད་པ་དང་རྒྱལ་སྤྱིའི་དྲང་བདེན་གྱི་བྱེད་སྟངས་ལ་མི་ལྟོས་པ་དེ་ལྟ་བུ་ཨ་རིས་གནམ་གཤིས་འགྱུར་བར་ཁ་གཏད་གཅོག་པའི་ཕ་རི་སིའི་ཆོད་ཡིག་ནས་ཕྱིར་དོན་སྐབས་མཐོང་མྱོང་ཡོད་ལ། ཨ་རིས་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྒྲིག་འཛུགས་ལས་ཕྱིར་དོན་སྐབས་ཀྱང་མཐོང་མྱོང་ཡོད།

དབུས་ཤར་བརྟན་ལྷིང་མ་བྱུང་ཚེ། འཛམ་གླིང་ཞི་བདེ་ཡོང་ཁག་པོ་ཡོད། ཉེ་དུས་དབུས་ཤར་དུས་བབ་དེ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་ནས་ཞི་གྲོས་ལ་སྐུལ་འདེད་གཏོང་བའི་བར་དང་། དཔལ་འབྱོར་བརྗེ་སྒྱུར་ནས་སྤྱི་ཚོགས་འཕོ་འགྱུར་བར་གྱི་འགག་རྩའི་དུས་ལ་སླེབས་ཡོད། དུས་མཚམས་འདིར་ཆབ་སྲིད་ཀྱི་སྒེར་སེམས་ཀྱིས་ཞི་བདེའི་ཆེད་བྱས་པའི་འབད་བརྩོད་ཆུད་ཟོས་སུ་འགྲོ་སྲིད། གནོད་འཚེ་ཕོག་མཁན་དབུས་ཤར་ཁོ་ན་མིན་པར་ཨ་རིའི་རྒྱལ་སྤྱིའི་མཚན་སྙན་དང་ཤུགས་རྐྱེན་ཐེབས་ཤུགས་ལའང་གནོད་འཚེ་ཕོག་རྒྱུ་ཡིན་པ་རེད།

ཡོང་ཁུངས།ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།