ཨ་རིས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་བླངས་ན་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་གྲོས་གཏོར་བཤིག་གཏོང་རྒྱུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་སྨྱན་སྦྱོར་ཚན་པས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉེ་ཆར། ཐེ་ལམ་ཕུས་ཨ་རིའི་ཕྱོགས་ནས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་སར་ཁས་ལེན་པའི་ཁྱབ་བསྒྲགས་བྱེད་སྲིད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ད་དུང་རྟ་བརྒྱུགས་ནས་རྡུལ་ཡལ་པ་ལྟ་བུའི་མཐའ་གསལ་མཐིང་མཐོང་ཞིག་འགྱུར་མེད་མོད། འོན་ཀྱང་ཕྱོགས་མང་པོས་གལ་སྲིད་ཨ་རིས་དེར་ཁས་ལེན་བྱེད་པའི་ཐག་གཅོད་བྱས་ན། དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་བདེའི་གྲོས་མོལ་ལ་གཏོར་བཤིག་གཏོང་རྒྱུ་ཡིན་པ་མ་ཟད།དབུས་ཤར་ས་ཁུལ་གྱི་བརྟན་ལྷིང་མ་ཡིན་པའི་རང་བཞིན་ཡང་ཤུགས་ཆེར་གཏོང་སྲིད་རྒྱུ་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།

ཉེ་ཆར། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སིས་ཨ་རིས་ཅེ་རུས་ས་ལེམ་དབྱི་སི་རལ་ཀྱི་རྒྱལ་ས་ཡིན་པ་ཁས་ལེན་བྱས་པ་དང་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་དེ་ཅེ་རུས་ས་ལེམ་དུ་སྤོ་རྒྱུའི་བྱེད་ཐབས་དེས་དབུས་ཤར་གྱི་ཞི་བདེའི་འཕེལ་རིམ་ལ་འགོག་རྐྱེན་བཟོ་རྒྱུ་ཡིན་པ་མ་ཟད། ཐ་ན་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་བདེའི་གྲོས་མོལ་ལ་གཏོར་བཤིག་གཏོང་སྲེིད་པས། དེ་དང་ཆབས་གཅིག་ཏུ་དབུས་ཤར་ས་ཁུལ་གྱི་བརྟན་ལྷིང་མིན་པའི་གནས་བབ་དེ་ཛ་དྲག་ཆེ་རུ་གཏོང་རྒྱུ་རེད་ཅེས་ཐ་ཚིག་བསྒྲགས་ཡོད་པ་རེད།

དུས་མཚུངས་སུ། ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་གི་རྒྱབ་སྐྱོར་འཐོབ་ཆེད། ཨ་པ་སིས་ཧུར་ཐག་སྒོས་ཕྱི་འབྲེལ་བྱེད་སྒོ་སྤེལ་བཞིན་ཡོད། སྤྱི་ཚེས༢ཉིན། ཨ་པ་སིས་ཐུར་ཁེ་དང་སོ་ཏི། ཁ་ཐར། ཧྥ་རན་སི། ཨེ་ཅིབ། ཐུའུ་ཉི་སི། ཅོར་ཏན། ཁོ་ཝེ་ཐེ་སོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་རྣམས་ལ་འབོད་སྐུལ་གནང་སྟེ་དེ་དག་དང་མཉམ་དུ་ཨ་རིས་ཐག་གཅོད་ལ་བཀག་འགོག་བྱས་ཡོད་པ་མ་ཟད། ཨ་རབ་རྒྱལ་ཁབ་མནའ་འབྲེལ་དང་དབྱི་སི་ལན་མཉམ་ལས་སྒྲིག་འཛུགས་ཀྱིས་ཛ་དྲག་གྲོས་ཚོགས་ཚོགས་ནས། ཨ་རིའི་བྱེད་སྟངས་ལ་བཀག་འགོག་བྱེད་དགོས་པའི་རེ་འབོད་བྱས་ཡོད་པ་རེད།

ཨ་པ་སིའི་རེ་འབོད་ལ་ལན་ཆ་བཟང་པོ་བྱུང་ཡོད་པ་དང་། ཉེ་ཆར་ཨ་རབ་ཀྱི་རྒྱལ་ཁབ་དང་ལས་ཁུངས་མང་པོས་གཅིག་རྗེས་གཉིས་མཐུད་ངང་ཨ་རིའི་ཅེ་རུས་ས་ལེམ་བསྒྱུར་བཅོས་བྱེད་པའི་སྲིད་ཇུས་དེས་ཞི་བདེ་ཆེད་དུ་འབད་བརྩོན་བྱས་པའི་གྲུབ་འབྲས་མཐའ་དག་དོན་མེད་ཆུད་ཟོས་སུ་གཏོང་རྒྱུ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད། ཅོར་ཏན་གྱིས། ཨ་རིའི་བྱ་ཐབས་དེས་ས་ཁུལ་གྱི་ཛ་དྲག་གནས་བབ་རིམ་འཕར་གཏོང་རྒྱུ་ཡིན་ཞིང་། དབུས་ཤར་ས་ཁུལ་གྱི་ཞི་བདེའི་འཕེལ་རིམ་ལ་འགོག་རྐྱེན་སྐྲུན་རྒྱུ་ཡིན་ལ། དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་སྒྲིག་འཛུགས་ཀྱི་ཧམ་ཤེད་ཀྱང་ཆེ་རུ་གཏོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད། ཐུར་ཁེ་ནས། ཅེ་རུས་ས་ལེམ་གྱི་གནད་དོན་ནི་ཉེན་ཡོད་ཐིག་དམར་ལྟ་བུ་ཞིག་ཡིན་ཞིང་། གལ་སྲིད་ཨ་རིས་ཀྱིས་དེར་བསྒྱུར་བཅོས་བྱེད་པའི་རེ་ངན་བཅངས་ན། ཐུར་ཁེས་དབྱི་སི་རལ་དང་ཕྱི་འབྲེལ་མཚམས་འཇོག་བྱེད་དགོས་མིན་ལའང་བསམ་གཞིག་བྱེད་རྒྱུ་ཡིན་པ་དང་། ཨ་རི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོ་དབྱི་སི་ལན་རྒྱལ་ཁབ་ཡོངས་དང་ཁ་གཏད་བཅག་པའི་གནས་སུ་གྱར་སྲིད་ཅེས་གསུངས་ཡོད་པ་རེད།

ཅེ་རུས་ས་ལེམ་གྱི་གནད་དོན་ནི་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་བདེའི་འཕེལ་རིམ་ལ་འགོག་རྐྱེན་བཟོས་པའི་གནད་འགག་ཅིག་ཡིན་པ་དང། དབྱི་སི་རལ་གྱིས་སྤྱི་ལོ༡༩༦༧ལོར་ཅེ་རུས་ས་ལེམ་ཤར་མ་བཙན་བཟུང་བྱས་རྗེས། ཕྱོགས་གཅིག་པོ་ནས་ཅེ་རུས་ས་ལེམ་ཆ་ཚང་དེ་ནམ་ཡང་ཁ་བྲལ་ཐབས་མེད་པའི་རྒྱལ་ས་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་དང། ཕ་ལེ་སི་ཐན་ཕྱོགས་ནས་ཅེ་རུས་ས་ལེམ་ཤར་མ་རྒྱལ་སར་བྱས་པའི་ཕ་ལེ་སི་ཐན་རྒྱལ་ཁབ་ཅིག་འཛུགས་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།

དུས་ཡུན་རིང་པོ་ཞིག་གི་ནང་། ཨ་རི་དང་དབྱི་སི་རལ་རྒྱལ་ཁབ་གཉིས་པོས། ཅེ་རུས་ས་ལེམ་གྱི་གནད་དོན་མཐའ་གཏུག་ན་དབྱི་སི་རལ་དང་ཕ་ལེ་སི་ཐན་ཕྱོགས་གཉིས་པོས་གྲོས་མོལ་ལ་བརྟེན་ནས་ཐག་གཅོད་བྱེད་དགོས་ཞེས་ནན་སྟོན་བྱེད་ཀྱི་ཡོད། དབྱི་ཞིབ་མི་སྣས། གལ་སྲིད་ཨ་རིས་ཅེ་རུས་ས་ལེམ་དབྱི་སི་རལ་གྱི་རྒྱལ་ས་ཡིན་པ་ཁས་བླངས་ན་ཐུན་མོང་གི་འདུ་ཤེས་དེར་གཏོར་ཞིག་འགྲོ་རྒྱུར་ཐེ་ཚོམ་མེད་ཅེས་བསྟན་ཡོད་པ་དང་། ཕ་ལེ་སི་ཐན་དང་ཨ་རབ་ཀྱི་རྒྱལ་ཁབ་གཞན་དག་གིས་དང་ལེན་མི་བྱེད་པས། དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་གནད་དོན་དེ་བས་ཛ་དྲག་ཆེ་རུ་གཏོང་རྒྱུ་ཡིན་ལ། ཞི་གྲོས་ཀྱི་འཕེལ་རིམ་ལའང་བརྟན་ལྷིང་མིན་པའི་རང་བཞིན་ཆེ་རུ་གཏོང་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།

དབྱི་སི་རལ་གྱི་སྨྱན་སྦྱོར་ཚན་པས། ཨ་རིས་ཅེ་རུས་ས་ལེམ་དབྱི་སི་ནི་རལ་གྱི་རྒྱལ་ས་ཡིན་ཞེས་ཁྱབ་བསྒྲགས་བྱས་བཞག་ན། ཕ་ལེ་སི་ཐན་མིས་ཅེ་རུས་ས་ལེམ་སོགས་ས་ཆར་གཞི་རྒྱ་ཆེ་བའི་ངོ་རྒོལ་བྱེད་སྒོ་སྤེལ་སྲིད་རྒྱུ་རེད་ཅེས་གསུངས་ཡོད་པ་རེད།

མིག་སྔའི་བར་དུ། དབྱི་སི་རལ་གྱི་ཙུང་ལི་ནའེ་ཐ་ཉི་ཡ་ཧུའུ་ཡིས་སྔར་བཞིན་ཁུ་སིམ་མེར་བསྡད་ཡོད་ཀྱང་། དབྱི་སི་རལ་ཀྱི་འབྲེལ་ཡོད་སྲིད་གཞུང་ཚན་ཁག་གིས་ངོ་རྒོལ་ཁྲོམ་སྐོར་ལ་ཁ་གཏད་གཅོག་པའི་བྱ་ཐབས་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད། ཐེ་ལ་ཝེ་ཧྥུར་གནས་པའི་ཨ་རིའི་གཞུང་ཚབ་ཆེན་མོ་ཁང་དུ་ཡང་བདེ་འཇགས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་རེད།

ཐེ་ལ་ཝེ་ཧྥུ་སློབ་ཆེན་གྱི་རྒྱལ་སྤྱིའི་འབྲེལ་བ་རིག་པའི་དགེ་རྒན་ཆེན་མོ་ན་ཧྥང་གིས། གལ་སྲིད་ཨ་རིས་ཐག་གཅོད་འདི་འདྲ་ཞིག་བྱས་ན། སི་རི་ཡ་དང་ལེ་པ་ནོན་གྱི་མཐའ་མཚམས་བརྟན་ལྷིང་མིན་པའི་གནས་བབ་ཀྱིས་འཇིགས་སྐུལ་ཐེབས་བཞིན་ཡོད་པའི་དབྱི་སི་རལ་ལ་དེ་བས་ཆེ་བའི་ཉེན་ཁ་བསྐྲུན་སྲིད་ཅེས་གསུངས་ཡོད་པ་རེད།

དབྱི་སི་རལ་རྒྱལ་ཁབ་ནང་ཁུལ་དུའང་ངོ་རྒོལ་བྱེད་མཁན་ཡོད་དེ། སྤྱི་ཚེས༤ཉིན། དབྱི་སི་རལ་སྲིད་གཞུང་དུ་ལས་ཀ་བསྒྲུབས་མྱོང་ཡོད་པའི་དབྱི་སི་རལ་གྱི་སྤྱི་ཚོགས་བྱེད་སྒོ་སྤེལ་མཁན༢༥ཡིས་མཉམ་དུ་ཐེ་ལམ་ཕུའི་མཐོ་རིམ་བློ་འདྲི་ས་ཀེ་ལེན་པུའུ་ལ་ཐེར་ཛ་དྲག་འཕྲིན་ཡིག་སྤྲིངས་ཡོད་པ་དང་། འཕྲིན་ཡིག་ནང་། ཨ་རིའི་བྱེད་སྟངས་དེས་དབྱི་སི་རལ་དང་ཕ་ལེ་སི་ཐན་བར་གྱི་ཞི་བདེའི་འཕེལ་རིམ་གྱི་འབྱུང་འགྱུར་གྱི་གནས་ཚུལ་ལ་གཏོར་བཤིག་ཚབས་ཆེན་གཏོང་རྒྱུ་ཡིན་པ་མ་ཟད། དབུས་ཤར་ས་ཁུལ་ཡོངས་ཀྱི་འཁོན་སེམས་ཀྱང་སློང་སྲིད་པས། མི་རབས་མང་པོའི་ཞི་བདེའི་མདུན་ལྗོངས་ལ་གནོད་འཚེ་གཏོང་རྒྱུ་རེད་ཅེས་གསལ་འདོན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བཀྲ་ཤིས་རྡོ་རྗེ།