ཁོར་ཡུག་བཙོག་སྐྱོན་གྱིས་ལོ་རེར་མི་བྱེ་བ་༡ལྷག་གི་ཚེ་སྲོག་འཕྲོག་བཞིན་པ།
སྤེལ་བའི་དུས་ཚོད། : 2017-12-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཚོགས་ཆེན་སྐབས་གསུམ་པ་དེ་སྤྱི་ཚེས་༤ཁེན་ནེ་ཡར་འཚོགས་ཡོད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་འཆར་འགོད་ཁང་གི་ལག་བསྟར་ཀྲུའུ་རིན་སོ་ཨར་ཧེ་མུའུ་ཡིས་ཚོགས་ཐོག་ཏུ་ཁ་ཡིག་ལ་སྦགས་བཙོག་ཅི་ཡང་མེད་པའི་སའི་གོ་ལར་གོམ་ཁ་བསྒྱུར་ཞེས་པའི་སྙན་ཞུ་ཞིག་ཕུལ་བ་དང་། གཙོ་བོ་འཛམ་གླིང་ཡོངས་ཀྱི་སྦགས་བཙོག་ལས་བྱུང་བའི་འགྲན་རྩོད་སྣ་ཚོགས་རྒྱས་བཤད་བྱས་འདུག

སྙན་ཞུ་རུ་བསྟན་དོན། འཚོ་བའི་ཆུ་ཚད་དང་འཛད་སྤྱོད་ཆུ་ཚད་ཇེ་མཐོར་སོང་བ་དང་མི་གྲངས་ཇེ་མང་དུ་སོང་བའི་དབང་གིས་སྦགས་བཙོག་དེ་འགྲན་རྩོད་ཆེན་པོ་ཞིག་ཏུ་གྱུར་ཡོད་པར་མ་ཟད། སྔར་ལས་ཚབས་ཆེན་དུ་འགྱུར་བཞིན་ཡོད་ལ། སྦགས་བཙོག་དེ་གཙོ་བོ་མཁའ་དབུགས་སྦགས་བཙོག་དང་། ས་གཤིས་སྦགས་བཙོག གཙང་ཆབ་སྦགས་བཙོག རྒྱ་མཚོའི་སྦགས་བཙོག་བཅས་ཕྱོགས་བཞི་ནས་བྱུང་བ་དང་། དེས་མིའི་རིགས་ཀྱི་བདེ་ཐང་དང་སྐྱེ་ཁམས་མ་ལག་ལ་ཤུགས་རྐྱེན་ཚབས་ཆེན་འབྱུང་བཞིན་ཡོད་པ་སྟེ། དཔེར་ན། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཁྱབ་སྒྲོག་བྱས་པ་ལྟར་ན། ༢༠༡༢ལོར་འཛམ་གླིང་ཡོངས་སུ་ཁོར་ཡུག་བཙོག་སྐྱོན་རྒྱུ་རྐྱེན་བྱས་ཏེ་ཚེ་ལས་འདས་པའི་མི་གྲངས་བྱེ་བ༡་དང་ས་ཡ་༢འབུམ་༦ལྷག་ཟིན་པ་དང་། དེས་ལོ་དེར་ཚེ་ལས་འདས་པའི་མི་གྲངས་ཡོངས་ཀྱི་བརྒྱ་ཆའི་ཉེར་གསུམ་ཟིན་ཡོད་པ་རེད།

སྙན་ཞུ་རུ་ད་རུང་བསྟན་དོན། ཐོན་སྐྱེད་ནུས་པའི་གྱོང་གུད་དང་སྨན་བཅོས་གྲོན་དངུལ། སྐྱེ་ཁམས་མ་ལག་གི་གྱོང་གུད་བཅས་ཀྱི་ཕྱོགས་ནས་བལྟས་ན། སྦགས་བཙོག་བྱུང་བའི་དཔལ་འབྱོར་གྱི་མ་ཧ་ཅང་ཆེ་བ་སྟེ། ༢༠༡༣་ལོར་མཁའ་དབུགས་སྦགས་བཙོག་དང་འབྲེལ་བའི་འཛམ་གླིང་ཡོངས་ཀྱི་ཕན་བདེའི་མ་རྩ་ཨ་རིའི་སྒོར་ཁྲག་ཁྲིག་ཆེན་མོ་ལྔ་ལྷག་ཡིན་པ་རེད། དེ་ལས་གཞན་ཆུའི་རྒྱུ་སྤུས་ཇེ་ཞན་དུ་སོང་བ་ལས་མིའི་རིགས་ཀྱི་བདེ་ཐང་དང་སྐྱེ་ཁམས་མ་ལག་གི་བདེ་ཐང་། ཞིང་ལས་དང་ཉ་གསོ་ལས་རིགས་ཀྱི་ཐོན་སྐྱེད་ནུས་པ་སོགས་ཐད་ལ་དཔལ་འབྱོར་གྱི་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། མིའི་བདེ་ཐང་ལ་མཚོན་ན། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་མང་བོར་ཆུའི་བདེ་འཇགས་གནད་དོན་དབང་གིས་གྱོང་གུད་ཆེན་པོ་འབྱུང་བཞིན་ཡོད་པ་རེད།

སྙན་ཞུ་རུ་ད་དུང་བསྟན་པར། ཉིན་རེར་ཚབས་ཆེན་དུ་འགྱུར་བཞིན་པའི་སྦགས་བཙོག་གནད་དོན་ཐག་གཅོད་བྱེད་ཆེད། རྒྱལ་ཁབ་སོ་སོའི་སྲིད་གཞུང་གིས་དམིགས་སའི་རང་བཞིན་ལྡན་པའི་ཕྱོགས་མང་བོ་དང་ས་ཁོངས་ཁོར་ཡུག་གྲོས་ཆོད་བཀོད་པ་དང་། དམིགས་ཡུལ་ནི་ཕྱོགས་སོ་སོས་སྦགས་བཙོག་གི་འཇིགས་ཉེན་ཞི་འཇགས་སུ་གཏོང་བའི་ཆེད་ཡིན་པ་དང་། རྒྱལ་ཁབ་མང་བོས་གྲོས་ཆོད་དེ་དག་གཞིར་བཟུང་ནས་སྦགས་བཙོག་བཅོས་སྐྱོང་གི་རྒྱལ་ཁབ་སྲིད་ཇུས་དང་བཅའ་ཁྲིམས་སྒྲོམ་གཞིར་གྲོས་འཆམ་བྱུང་ཡོད།

སྙན་ཞུ་ལས་ད་རུང་བསྟན་དོན། སྦགས་བཙོག་གནད་དོན་ཐག་གཅོད་བྱེད་པར་གྲུབ་འབྲས་ངེས་ཅན་བླངས་ཡོད་ཀྱང་། གྲུབ་འབྲས་དེ་དག་གི་ཁྱབ་ཁོངས་དང་གཞི་རྒྱ། ཕན་ནུས་བཅས་ལ་ཚད་ཡོད་ཅིང་། དེ་བས་སྙན་ཞུ་ལས་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱེད་པ་དང་། དམིགས་སའི་རང་བཞིན་ལྡན་པའི་ཐེ་གཏོགས་བྱེད་ཐབས་སྤྱོད་པ། ལྷད་མེད་ལག་རྩལ་ཁྱབ་གདལ་དུ་གཏོང་བ། འགན་ཁུར་བའི་སྒོ་ནས་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་པ། འཚོ་ཐབས་གདམ་གསེས་བྱེད། ཡར་སྐུལ་གྱི་བྱེད་ཐབས་གཏན་འབེབས་བྱེད་པ་སོགས་ཀྱི་གྲོས་གཞི་བཏོན་འདུག

ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་སྒྲིག་པ། རྡོ་རྗེ་གཡུ་སྒྲོན།