ཞི་ཅིན་ཕིང་གིས་ལུའོ་སིའི་སྨྱན་སྦྱོར་ཐོག་ཏུ་མཚན་འཁོད་རྩོམ་ཡིག་སྤེལ་བར་ལུའོ་སིར་ལན་ཆ་ཆེན་པོ་བྱུང་བ།
སྤེལ་བའི་དུས་ཚོད། : 2017-11-14 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༣ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའོ་སི་མི་དམངས་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ་རེད། འཚམས་འདྲི་གནང་རིང་། ཞི་ཅིན་ཕིང་གིས་ལུའོ་སིའི་སྨྱན་སྦྱོར་ཐོག་ཏུ་འགོ་བརྗོད་དུ་ལག་གདང་སྦྲེལ་ནས་ཀྲུང་གོ་དང་ལུའོ་སིའི་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ལས་དབང་ཐུན་མོང་མ་ལག་གཏོད་ཅེས་པའི་མཚན་འཁོད་རྩོམ་ཡིག་སྤེལ་གནང་བ་རེད། ལུའོ་སིའི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འཁོད་རྩོམ་ཡིག་ལ་གྲོས་བསྡུར་ཚ་ཚ་འུར་འུར་ངང་བྱེད་བཞིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་དེས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཁྱོན་ཡོངས་དང་གཏིང་ཟབ་ཏུ་གོང་འཕེལ་འགྲོ་རྒྱུར་སྔར་བས་སྐུལ་འདེད་ཐེབས་རྒྱུ་དང་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུའི་རེ་བ་བཅངས་བཞིན་ཡོད་པ་རེད།

སྤྱི་ཚེས་༡༣ཉིན་སྨྱན་སྦྱོར་ཐོག་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གི་མཚན་འཁོད་རྩོམ་ཡིག་མཐོང་རྗེས་ཀྲུང་གོའི་ཀྲུང་གོ་ལྕགས་ལམ་ཅུས་གཉིས་པའི་ཀྲུང་གོ་དང་ལུའོ་སིའི་ལྕགས་ལམ་རྣམ་གྲངས་པུའི་ལུའོ་སིའི་ལས་བཟོ་པ་ཧུའུ་ཨ་ཝང་གིས་དགའ་ཚོར་ཆེན་པོའི་སྒོ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལུའོ་སིར་འཚམས་འདྲི་གནང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་། ལུའོ་སི་དང་ཀྲུང་གོ་ནི་འབྲེལ་བ་ག་ཚོད་ཡག་ཏུ་ཕྱིན་པ་དེས་ང་ཚོར་ལས་ཞུགས་གོ་སྐབས་དེ་བས་མང་བ་ཡོད། ལུའོ་ཀྲུང་ལྕགས་ལམ་ཐོག་མ་མེ་འཁོར་ཤར་གཏོང་ཐུབ་རྗེས་ང་ཚོ་ཡང་ཀྲུང་གོ་དང་ཐག་ཉེ་རུ་ཕྱིན་ཡོད་ཅེས་ལས་རོགས་ཚོ་དང་ལྷན་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་དང་འབྲེལ་ཡོད་ཀྱི་ཀྲུང་གོ་དང་ལུའོ་སིའི་ལྕགས་ལམ་ནང་དོན་སྐོར་གླེང་བཞིན་ཡོད་པ་རེད།

ད་ཆ་ལུའོ་སིའི་བྱང་རྒྱུད་ཀྱི་རི་སུལ་ཁུག་ཀྱོག་ཏུ་ཀྲུང་གོ་དང་ལུའོ་སིའི་ལྕགས་ལམ་འཛུགས་སྐྲུན་པས་དཀའ་སྤྱད་འབད་ཐབས་ཀྱི་ལྕགས་ལམ་བསྐྲུན་བཞིན་པ་དང་། ལུའོ་སིར་སྐམ་ས་ཆེན་མོས་རྒྱལ་ཁབ་བཀག་སྡོམ་བྱས་པ་དེ་སྐམ་ས་ཆེན་མོས་རྒྱལ་ཁབ་འབྲེལ་མཐུད་ཐུབ་ཏུ་འཇུག་རྒྱུའི་འཐབ་ཇུས་ཀྱི་ཡིད་རྟོན་རུང་བའི་ལྕགས་ལམ་ཤར་གཏོང་ལམ་བུ་གཏོད་བཞིན་ཡོད་པ་རེད། རྒྱལ་ས་ཝན་ཐེན་དུ་ཡུན་ནན་འཛུགས་སྐྲུན་ཚོགས་པའི་མ་འཇོག་གསར་སྤེལ་གྱི་སའེ་ས་ཐ་ཕྱོགས་བསྡུས་གསར་སྤེལ་ཁུལ་གྱི་འཛུགས་སྐྲུན་འཕེལ་རིམ་ལ་མི་རྣམས་དགའ་རུ་བཅུག་ཡོད་པ་རེད།

ཡུན་ནན་འཛུགས་སྐྲུན་ཚོགས་པའི་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་འཛིན། སའེ་ས་ཐ་ཕྱོགས་བསྡུས་གསར་སྤེལ་ཁུལ་གྱི་འགན་འཁུར་བ་ཁྲེན་ཝུན་ཧྲན་གྱིས། ཞི་ཀྲུའུ་ཞིས་མཚན་འཁོད་རྩོམ་ཡིག་ནང་དུ་སའེ་ས་ཐ་ཕྱོགས་བསྡུས་གསར་སྤེལ་ཁུལ་འདོན་གནང་མཛད་པ་དེས་ང་ཚོའི་ངོས་ནས་བཤད་ན་སྟོབས་ཆེའི་སྒུལ་ཤུགས་ཡིན། ང་ཚོས་དེ་བས་བློ་བརྟན་འགྱུར་མེད་སྒོ་ནས་ཁྱོན་ཡོངས་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུ་དང་མཉམ་སྦྲེལ་ཐུབ་པ་བྱས་ཏེ། ཀྲུང་ལུའོ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ལ་ལེ་ཚན་གྱི་ལེའུ་གསར་པ་གཏོད་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

དངོས་ཕན་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་འཐོབ་ཏུ་བཅུག་ཡོད། སའེ་ས་ཐ་གསར་སྤེལ་ཁུལ་ནང་དུ་ལུའོ་སིའི་ལས་བཟོ་པ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་འཁོད་རྩོམ་ཡིག་ཐད་ལ་ཁྱོད་ཀྱིས་ཅིག་བཤད། ང་ཡིས་ཅིག་གླེང་བྱས་ཏེ་རང་ཉིད་ཀྱི་འདོད་ཚུལ་གླེང་བཞིན་ཡོད་པ་རེད།

ལུའོ་སིའི་ལས་བཟོ་པ་ཁན་ཁང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ང་ཚོ་གསར་སྤེལ་ཁུལ་ལ་ཐུགས་ཁུར་རྒྱབ་སྐྱོར་གནང་བར་ང་རང་དགའ་ཚོར་ཆེན་པོ་བྱུང་། འདིས་ང་ཚོ་གསར་སྤེལ་ཁུལ་གྱི་གོང་འཕེལ་ལ་སྐུལ་འདེད་ཐེབས་ངེས་ཡིན། ལུའོ་ཀྲུང་རྒྱལ་ཁབ་གཉིས་པོའི་གོང་འཕེལ་འཐབ་ཇུས་ཀྱི་སྦྲེལ་མཐུད་དེས་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དང་། དེ་བས་ལེགས་པ་དང་དེ་བས་མགྱོགས་པའི་སྒོ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཡང་ལུའོ་སིའི་ལས་བཟོ་པ་སང་ཡ་ལན་གྱིས། ལུའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་རྣམ་གྲངས་ཀྱི་ལས་བཟོ་པ་ཞིག་ཡིན་པའི་ངོས་ནས་ང་རང་ལ་སྤོབས་སེམས་ཆེན་པོ་སྐྱེས་ཀྱི་འདུག་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་ཀྱི་འདུག ཀྲུང་གོའི་རྒྱུད་གཅིག་ལམ་གཅིག་གི་གྲོས་འགོ་དེས་ང་ཚོ་ལུའོ་སིའི་དཔལ་འབྱོར་གོང་འཕེལ་ལ་ཕན་པ་ཐོབ་ཡོད། མི་རིང་མ་སོང་བའི་འབྱུང་འགྱུར་ནང་ལུའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་དེ་བས་ཁྱོན་ཡོངས་དང་གཏིང་ཟབ་ཏུ་འགྲོ་རྒྱུར་ཡིད་ཆེས་ཀྱི་ཁེངས་ཡོད་ཅེས་གསུངས་པ་རེད།

ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་ཆུ་གློག་ཅུད་བཅུ་པས་བསྐྲུན་འགན་འཁུར་བའི་ནན་ལའེ་ཁེ་ཆུ་གློག་ས་ཚིགས་དེ་ཡང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་གནང་བའི་རྩོམ་ཡིག་ནང་གླེང་གནང་ཡོད། ཀྲུང་གོ་དང་ལུའོ་སིའི་མཉམ་ལས་ཁྲོད་གྲུབ་འབྲས་དེ་ཉིད་ལུའོ་སིའི་ཤོག་སྒོར་ཐོག་བཀོད་ཡོད། དེ་མིན་ད་དུང་། ད་ལྟའི་ལུའོ་སིའི་རྒྱ་ཁོངས་ཡོངས་སུ། ཆེས་བྱང་ཕྱོགས་ནས་ཆེས་ལྷོ་ཕྱོགས་ཀྱི་མངའ་སྡེ་ཚང་མར་ཀྲུང་གོའི་གློག་ཤུགས་འཛུགས་སྐྲུན་མཁན་གྱིས་བྲེལ་འཚུབ་ཆེན་པོས་ལས་དོན་སྒྲུབ་ནས། ལུའོ་སིར་ཨ་ཤ་ཡ་ཤར་ལྷོའི་རྒྱུད་ཀྱི་གློག་གསོག་ཆས་ཆེ་ཤོས་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་གོང་འཕེལ་གྱི་འཐབ་ཇུས་གལ་ཆེན་དེ་སྐྲུན་བཞིན་ཡོད།

ལུའོ་སི་དང་ཀྲུང་གོའི་མཛའ་མཐུན་ཚོགས་པའི་ཀྲུའུ་ཞི། ལུའོ་སི་ནུས་ཁུངས་གཏེར་ཐོན་པུའི་པུའུ་ཀྲང་ཁའེ་མཱ་ནིས་རྒྱལ་ཁབ་གཉིས་པོའི་གློག་ཤུགས་མཉམ་འབྲེལ་མཉམ་མཐུད་ཁྱབ་ཁོངས་ནང་གི་མཉམ་ལས་ལ་དོ་སྣང་བྱེད་བཞིན་ཡོད། ཁོང་གིས། ལུའོ་སིས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་གྱི་ཐོག་མའི་གྲུབ་འབྲས་ནང་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཆེན་པོ་བྱུང་། མ་འོངས་པར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ལུའོ་སིའི་གོང་འཕེལ་ཆེད་བཟང་ཆ་ལྡན་པའི་ཆ་རྐྱེན་སྐྲུན་ནས། དཔལ་འབྱོར་རྒྱུན་མཐུད་གོང་འཕེལ་ལ་ཤུགས་སྣོན་རྒྱག་པ་དང་། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏང་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཚན་བཀོད་རྩོམ་ཡིག་ནང་། རང་རྒྱལ་ཁབ་ཀྱི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་རླབས་ཆེན་རྒྱང་བསྐྱོད་ལམ་བུའི་ཐོག ཀྲུང་གོ་དང་ལུའོ་སི་རྒྱལ་ཁབ་གཉིས་པོས་བསམ་བློ་གཅིག་གི་ཐོག་ནས་མདུན་སྐྱོད་བྱ་དགོས་ཞེས་ནན་བཏོན་གནང་ཡོད། ལུའོ་སིའི་ལུའོ་སི་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཤི་ཁུན་གྱིས། ལས་འགན་གཅིག་མཚུངས་དང་། ཐུན་མོང་གི་ཕུགས་འདུན་ཡོད་པས། ང་ཚོའི་ལས་དབང་དམ་པོར་སྦྲེལ་ཡོད། ལས་དབང་ཐུན་མོང་མ་ལག་དེ་འདྲ་ཞིག་སྐྲུན་པ་དེས་ལུའོ་སི་དང་ཀྲུང་གོར་ཕན་ཐོགས་ཡོད་པ་མ་ཟད། ས་ཁོངས་ཧྲིལ་པོའི་དར་རྒྱས་གོང་འཕེལ་ལ་ཕན་ཐོགས་ཡོད་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། ཟླ་བ་ཚེ་རིང་།