སེམས་ནུས་ཡོད་རྒུས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཚོན་པའི་སྤུས་དག་ལས་གཞི་འཛུགས་སྐྲུན་ཡག་པོ་བྱས།
སྤེལ་བའི་དུས་ཚོད། : 2017-11-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བཟོ་སྐྲུན་ལྟ་སྐུལ་དོ་དམ་ཚན་པ་ཧྲེན་ཡང་གྲོང་ཁྱེར་གྱི་ལས་གཞི་ལྟ་སྐུལ་དོ་དམ་བློ་འདྲི་ཚད་ཡོད་ཀུང་སིའི་ཝེ་ཐེ་ནམ་ལ་བཅའ་སྡོད་འགན་འཁུར་མི་སྣ་ཀུང་ཅིང་གིས་ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཕོ་བྲང་ལ་གདེང་འཇོག་ཡག་པོ་གནང་ཡོད་དེ། ཕོ་བྲང་དེའི་གྲུབ་ཆ་ནི་ལོ་ངོ་༡༠༠བེད་སྤྱོད་གཏོང་ཆོག་པའི་ཇུས་འགོད་བྱས་ཡོད། འདི་ནི་དེང་གི་དུས་སུ་བྱས་རྗེས་བཞག་པ་དང་བསྐལ་པ་བརྒྱར་ཕན་པ་ཐོབ་པའི་སྤུས་དག་ལས་གཞི་ཞིག་ཡིན་ཞེས་གསུངས་ཡོད་པ་རེད། དེ་ཡང་། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཚོན་པའི་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་དེ་སྤྱི་ཟླ་༡༠པའི་ཟླ་མཇུག་ཏུ་མཇུག་སྒྲིལ་ནས་ཝེ་ཐེ་ནམ་ཕྱོགས་ལ་རྩིས་སྤྲོད་བྱེད་གྲབས་ཡོད་པ་རེད།

ཟླ་བ་གཅིག་གི་གོང་། ཕོ་བྲང་འཛུགས་སྐྲུན་ཐད་ལ་ཆར་པའི་བབས་པའི་གནམ་གཤིས་ངན་པའི་འགོག་རྐྱེན་འཕྲད་ཡོད་པས། སྤྱི་ཟླ་༡༠པའི་ཚེས་༡༡ཉིན། མཛའ་གྲོགས་ཕོ་བྲང་འཛུགས་སྐྲུན་བྱེད་སར་ཡུན་ནན་ཞིང་ཆེན་འཛུགས་སྐྲུན་མ་འཇོག་མ་རྐང་ཚོད་འཛིན་ཚོགས་པ་ཚད་ཡོད་ཀུང་སིའི་མཛའ་གྲོགས་ཕོ་བྲང་རྣམ་གྲངས་ཀྱི་འགན་འཁུར་བ་གྲེན་ཀྲིར་སེམས་ཁྲལ་ཆེན་པོ་བཟོས་ཡོད་པ་རེད།

མཛའ་གྲོགས་ཕོ་བྲང་གི་མཐའ་མའི་རྩིས་སྤྲོད་རྩིས་ལེན་གྱི་ཉིན་མོ་སླེབས་པར་ཉིན་བཅུ་གྲངས་ཁ་ཤས་ལས་ལྷག་མེད། སྐབས་དེ་དུས་ནང་གི་བཀོད་པ་སྒྲིག་སྦྱོར་བྱ་རྒྱུ་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཀྱང་། ཕྱི་ལོག་སྔོ་ལྗང་ཅན་དུ་སྒྱུར་རྒྱུ་དང་གད་སྙིགས་གཙང་སེལ་བྱ་རྒྱུ་ལུས་ཡོད། ཆར་པ་བབས་པའི་གནམ་གཤིས་བསྟན་རྐྱེན་འགྲོ་ལམ་ལ་འདམ་པས་ཁེངས་ཤིང་ལས་གཞིའི་འཕེལ་རིམ་འགོར་དུ་ཕྱིན་ཡོད་པ་རེད།

གྲེན་ཀྲིས། སྐབས་དེ་དུས། གནམ་དང་འཐབ་རྩོད་བྱེད་དགོས་པ་དང་། ཁོར་ཡུག་དང་འཐབ་རྩོད་བྱེད་དགོས་པ། གནད་དོན་ཐ་དག་དང་འཐབ་རྩོད་བྱེད་དགོས། གང་ཡིན་ཟེར་ན་ང་ཚོས་ཀྲུང་གོ་དང་ཀྲུང་གོའི་ཁེ་ལས་ཀྱི་གཟུགས་བརྙན་མཚོན་གྱི་ཡོད་པས། ངེས་པར་དུ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་མཚོན་པའི་སྟེགས་བུ་འདི་འཛུགས་སྐྲུན་ཡག་པོ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཕོ་བྲང་ནི་ཀྲུང་གོ་སྲིད་གཞུང་གིས་ཝེ་ཐེ་ནམ་ལ་རོགས་རམ་བྱས་ནས་བསྐྲུན་པའི་རིག་གནས་ལས་གཞིའི་རྣམ་གྲངས་ཆེན་པོ་ཞིག་ཡིན་པ་དང་། ཧོ་ནེ་ཡའི་ལྷོ་ནུབ་རྒྱུད་གསར་སྤེལ་ཁུལ་དུ་གནས་ཡོད་ཅིང་། སྤྱིའི་ས་ཆ་བེད་སྤྱོད་རྒྱ་ཁྱོན་སྤྱི་ཆིངས་༣དང་གྲངས་ཆུང་༣ཟིན་ཡོད་པ། སྤྱི་ལོ་༢༠༠༤ལོའི་ཟླ་བ་༡༠པར་རྨང་རྡོ་བཏིངས་ཡོད། མཛའ་གྲོགས་ཕོ་བྲང་བསྐྲུན་ཚར་ནས་བེད་སྤྱོད་བྱས་རྗེས། དེ་གར་ཝེ་ཐེ་ནམ་གྱིས་རྟེན་འབྲེལ་མཛད་སྒོ་དང་ཕྱི་དོན་གུས་ལུགས་སྣེ་ལེན། ཀྲུང་གོ་དང་ཝེ་ཐེ་ནམ་གྱི་རིག་གནས་སྤེལ་རེས་བཅས་བྱ་ཡུལ་གྱི་སྟེགས་བུ་གལ་ཆེན་ཞིག་ལ་གྱུར་རྒྱུ་ཡིན་ལ། རིག་རྩལ་འཁྲབ་སྟོན་དང་གྲོས་ཚོགས་ཆེ་གྲས། དེ་བཞིན་དམངས་ཁྲོད་རིག་གནས་སྤེལ་རེས་བྱེད་སྒོ་བཅས་ཀྱང་གཉེར་ཆོག་གི་ཡོད་པ་རེད།

མཛའ་གྲོགས་ཕོ་བྲང་རྣམ་གྲངས་ཇུས་འགོད་ཚན་པའི་འགན་འཁུར་བ། ཀྲུང་གོ་ལྕགས་ལམ་ཇུས་འགོད་ཚོགས་པ་ཚད་ཡོད་ཀུང་སིའི་བཟོ་སྐྲུན་ཇུས་འགོད་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་སྐྲུན་མཁན་པོ་ཀྲའོ་ཅན་ཧྭ་ཡིས་ངོ་སྤྲོད་གནང་བར་གཞིགས་ན། མཛའ་གྲོགས་ཕོ་བྲང་གི་སྤྱིའི་ཇུས་འགོད་དེ་མཛའ་གྲོགས་ཀྱི་འདུ་ཤེས་ལ་གཞིགས་ནས། བཟོ་སྐྲུན་གྱི་ཕྱི་སྒོར་དབྱིབས་དང་ནང་གྲུ་བཞི། མེ་ཏོག་པད་མའི་བཟོ་ལྟ་མངོན་པ་ཞིག་ཇུས་འགོད་བྱས་ཡོད་ཅིང་། སྒོར་དབྱིབས་ཀྱིས་འཆམ་མཐུན་དང་མཐུན་སྒྲིལ། ཕུན་ཚོགས་བཅས་མཚོན་པ་དང་། མེ་ཏོག་པད་མ་ནི་ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དགའ་པོ་བྱེད་སའི་མེ་ཏོག་ཅིག་ཡིན་པས། བཟོ་སྐྲུན་གྱི་ལངས་ངོས་དང་ཁང་པའི་ནང་གི་བར་སྟོང་ལ་བེད་སྤྱོད་བྱས་ནས། རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་རིང་བ་དང་། མཛའ་གྲོགས་ཡུན་གནས། མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་བཅས་མཚོན་ཡོད།

སྤྱི་ལོ་༢༠༠༤ལོ་ནས་བཟུང་རྣམ་གྲངས་འདིའི་འགན་འཁུར་མཁན་ཀྲའོ་ཅན་ཧྭ་ཡིས། རྣམ་གྲངས་འདི་ནི་དུས་ཡུན་རིང་པོའི་ནང་ས་ཆ་བསྡུ་བ་དང་གནས་སྤོ་བྱེད་པ། ཇུས་འགོད་ཚད་གཞིར་ཞིབ་བསྡུར་ཡང་སེ་བྱེད་པ་བཅས་ལོ་བཅུ་གྲངས་སོང་བ་དང་། ང་རང་ཀྱང་དར་མ་ཞིག་ནས་སྤོ་བོར་གྱུར་སོང་། འོན་ཀྱང་ངས་མཛའ་གྲོགས་ཕོ་བྲང་ལ་སྔ་བར་ཕྱི་གསུམ་དུ་མཐོང་ཆེན་བྱེད་ཀྱི་ཡོད། ངས་ད་ལྟ་ཟླ་བ་གཅིག་གཉིས་སོང་མཚམས་ལ་ཝེ་ཐེ་ནམ་དུ་ཕྱིན་ནས་ལག་བསྟར་གནས་ཚུལ་ལ་ཞིབ་བཤེར་བྱེད་ཀྱི་ཡོད། དེར་ང་ཚོ་ཇུས་འགོད་པའི་རྔུལ་ཁྲག་གཅིག་བསྡུས་བྱས་ཡོད་ལ། དེས་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་མཛའ་གྲོགས་རྒྱུད་སྤེལ་བྱས་ཡོད་ཅེས་གསུངས་ཡོད་པ་རེད།

མཛའ་གྲོགས་ཕོ་བྲང་དེར་ཀྲའོ་ཅན་ཧྭ་ལྟ་བུའི་ཇུས་འགོད་མཁན་པོའི་རྔུལ་ཁྲག་བསྡུས་ཡོད་ལ། གཞོན་སྐྱེས་བཟོ་སྐྲུན་པ་མང་པོའི་རྔུལ་ཆུ་ཡང་གཅིག་བསྡུས་བྱས་ཡོད། གྲེན་ཀྲིས་ཚོར་སྣང་ཟབ་མོའི་ཐོག་ནས། རྣམ་གྲངས་འདིར་ལས་ཀ་བྱེད་མཁན་ན་གཞོན་ཧ་ཅང་མང་པོ་ཡོད། སྤྱི་ལོ་༢༠༡༤ལོའི་ལོ་མཇུག་ནས་ད་བར། གཞོན་ནུ་དྲུག་གི་ཕྲུ་གུ་རྒྱལ་ནང་དུ་སྐྱེས་ཡོད་པ་དང་། དེའི་ནང་ནས་ཕྲུ་གུ་གསུམ་སྐྱེས་སྐབས་ཁོ་ཚོའི་པྰ་ཕ་རྒྱལ་ནང་དུ་ཕྱིར་ལོག་བྱས་ཐུབ་མེད་ཅེས་གསུངས་ཡོད་པ་རེད།

དཀའ་ངལ་མང་པོའི་འོག ཀྲུང་གོའི་བཟོ་སྐྲུན་པ་རྣམས་ཀྱིས་སྔར་བཞིན་ལེགས་འཛོམས་ཞེས་པའི་ཚིག་དེས་ལས་གཞིའི་སྤུས་ཚད་ལ་འགྲེལ་པ་རྒྱབ་ཡོད། ཀུང་ཅིང་གིས་གསར་འགོད་པར། མཛའ་གྲོགས་ཕོ་བྲང་ལ་བེད་སྤྱོད་བྱས་པའི་རྒྱུ་ཆ་དང་སྒྲིག་ཆས་ཚང་མ་རྩེ་གྲ་ཡིན་པ་མ་ཟད། ཁོར་ཡུག་སྲུང་སྐྱོབ་ཐུབ་པ་བྱས་ཡོད་ཅིང་། མཐའ་འཁོར་དུ་མངོན་གསལ་དོད་ཤོས་ཀྱི་ས་གནས་མཚོན་རྟགས་རང་བཞིན་གྱི་བཟོ་སྐྲུན་ལ་གྱུར་ཡོད་ཅེས་གསུངས་ཡོད་པ་རེད།

རང་ཉིད་ཀྱི་བཟོ་སྐྲུན་བརྩམ་བྱ་མཐོང་སྐབས། གྲེན་ཀྲིས་སྤོབས་པ་ཆེན་པོའི་ངང་། ང་རང་ཝེ་ཐེ་ནམ་དང་ཀྲུང་གོའི་མཛའ་གྲོགས་ཕོ་བྲང་འཛུགས་སྐྲུན་ནང་ཞུགས་རྒྱུ་བྱུར་བར་གཟི་བརྗིད་ཆེན་པོ་ཡིན་པའི་མྱོར་ཚོར་ཡོང་གི་འདུག ཀྲུང་གོའི་ཁེ་ལས་ཀྱི་གཟུགས་བརྙན་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་མཛའ་གྲོགས་ཆེད་དུ། ངས་སེམས་ནུས་ཡོད་རྒུ་བཏོན་ཡོད་ཅེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།