འཇར་མན་གྱི་ཡུལ་གྱར་བའི་སྲིད་ཇུས་ལེགས་སྒྲིག་བྱེད་དགོས་ཀྱི་ཡོད་པ།
སྤེལ་བའི་དུས་ཚོད། : 2017-10-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཟླ་10པའི་ཚེས་8ཉིན་འཇར་མན་གྱི་ཙུང་ལི་མོར་ཁེར་གྱི་འགོ་ཁྲིད་བྱས་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་དེའི་གཅེན་གཅུང་ཏང་པ་ཧྥ་ལིད་ཡ་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཞེས་པ་དུས་ཡུན་ཆུ་ཚོད་12ཙམ་གྱི་དཀའ་ཚེགས་ཆེ་བའི་དབྱེ་འབྱེད་གྲོས་མོལ་བྱས་རྗེས། ལོ་ལྟར་ཡུལ་གྱར་བ་ཚུད་པའི་གནས་སྤོས་ཡུལ་མིའི་མི་གྲངས་རྩིས་ལེན་ཐད་ངོས་འཛིན་གཅིག་མཐུན་བྱུང་ནས། ནང་བློན་ཁང་གྲབས་འཛུགས་ཆེད་འགྲོ་ལམ་བཤངས་ཡོད་པ་རེད།

འཇར་མན་གྱི་ཙུང་ལི་མོར་ཁེར་གྱི་འགོ་ཁྲིད་བྱས་པའི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་དེའི་གཅེན་གཅུང་ཏང་པ་ཧྥ་ལིད་ཡ་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཞེས་པས་གནས་སྤོས་ཡུལ་མི་གཙང་སེལ་བྱེད་པའི་ཐ་སྙད་བཏོན་ཡོད་དེ། ཡུལ་གྱར་བ་དང་ཆབ་སྲིད་ཀྱི་གནོད་འབྱོལ་བ། ཚད་ཡོད་ཀྱི་འགེབས་སྲུང་མཁན། ཁྱིམ་མི་མཉམ་འཛོམས། དེ་བཞིན་སླར་ཡང་བཀོད་སྒྲིག་བྱས་པའི་མི་སྣ་ཕྱིར་སྐྱེལ་ཉུང་གཏོང་དང་རང་མོས་ཐོག་ཕ་ཡུལ་དུ་ལོག་མཁན་མི་གྲངས་དངོས་སུ་འཕར་ཚད་བཅས་ཡིན། མནའ་འབྲེལ་ཏང་གིས་ལོ་ལྟར་མི་ཆོས་རིང་ལུགས་ལ་བསམ་གཞིགས་བྱས་ཏེ་དང་ལེན་བྱས་པའི་གནས་སྤོས་ཡུལ་མིའི་མི་གྲངས་ཉིས་འབུམ་ལས་བརྒལ་གྱི་མེད་པ་དང་། ཕྱི་ནས་ཡོང་བའི་ངལ་རྩོལ་ནུས་ཤུགས་ཀྱི་གནས་སྤོས་ཡུལ་མི་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་ནང་ཁུལ་གྱི་ཕྱི་རྒྱལ་གྱི་གནས་སྤོས་ཡུལ་མི་ཡིན་པའི་ངོས་ནས་གྲངས་ཚད་དེ་ཚད་གཞིའི་ནང་ཚུད་མེད་ཅེས་བསྟན་ཡོད།

དེའི་གོང་ཡུལ་གྱར་བའི་སྲིད་ཇུས་ཀྱིས་མནའ་འབྲེལ་ཏང་ནང་ཁ་གཏད་དུ་ལངས་ཡོད། གཅེན་གཅུང་ཏང་པ་ཧྥ་ལིད་ཡ་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཞེས་པས་སྔ་ཕྱི་བར་གསུམ་དུ་ཡུལ་གྱར་བའི་གྲངས་ཚད་ལ་ཚད་གཞི་བཟོ་དགོས་ཞེས་རེ་འབོད་བྱས་པར། མོར་ཁེར་གྱིས་ཐེངས་མང་ཡོངས་བསྒྲགས་ཐོག་ཁས་ལེན་བྱས་མེད། དེའི་ཕྱིར་གཅེན་གཅུང་ཏང་པ་ཧྥ་ལིད་ཡ་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཞེས་པའི་འགོ་ཁྲིད་པ་ཙེ་ཧོ་ཧྥེར་གྱིས་ཡོངས་བསྒྲགས་ཐོག་མོར་ཁེར་གྱི་ཡུལ་གྱར་བའི་སྲིད་ཇུས་ནི་མནའ་འབྲེལ་ཏང་དང་འབྲེལ་བ་ཆད་པ་ཞིག་ཡིན་ཞེས་བསྟན་ཡོད། མནའ་འབྲེལ་ཏང་གིས་གནས་སྤོས་ཡུལ་མིའི་གྲངས་ཚད་ཚད་བཀག་བཟོ་རྒྱུའི་ཐད་གྲོས་མཐུན་བཞག་པ་དེས། གོམ་སྟབས་རྗེས་མར་མནའ་འབྲེལ་ཏང་གི་སྲིད་གཞུང་གསར་པའི་ནང་བློན་ཁང་གྲབས་འཛུགས་ཀྱི་དབྱེ་འབྱེད་གྲོས་མོལ་ཆེད་འགོག་རྐྱེན་ཆེན་པོ་ཞིག་མེད་པ་བཟོས་པ་ནི་སྨོས་མེད་རེད། སྤྱི་ཟླ་10པའི་ཚེས་9ཉིན་གྱི་གསར་འགོད་པའི་ཚོགས་འདུའི་ཐོག མོར་ཁེར་གྱིས་ཐེངས་འདིའི་མནའ་འབྲེལ་ཏང་ནང་གི་གྲོས་མཐུན་ནི་འོས་མེད་འགྲིག་ཐབས་ཐེངས་གཅིག་བྱས་པ་ཞིག་ཡིན་པས། མནའ་འབྲེལ་ཏང་གི་ཆེད་དུ་རྨང་གཞི་བརྟན་པོ་འདིང་ཡོད་པའི་ངོས་འཛིན་བྱས་པ་དང་། མོར་ཁེར་གྱིས་དུས་མཚུངས་སུ་རང་དབང་དམངས་གཙོ་ཏང་དང་ལྗང་མདོག་ཏང་སྤྱི་ཚེས་18ཉིན་ནང་བློན་ཁང་གྲབས་འཛུགས་ཀྱི་དབྱེ་འབྱེད་གྲོས་མོལ་ནང་ཞུགས་རྒྱུའི་གདན་ཞུ་བྱས་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།

འཇར་མན་གྱི་འདེམས་བསྐོ་ཆེན་པོ་མཇུག་སྒྲིལ་རྗེས། མནའ་འབྲེལ་ཏང་གིས་བརྒྱ་ཆ་32དང་གྲངས་ཆུང་7གྱི་རྒྱབ་སྐྱོར་ཐོབ་ཚད་ཐོག་ནས་འཇར་མན་གྱི་ཏང་ཆེན་པོ་དང་པོའི་གནས་བབ་བཟུང་ཡོད། གནས་སྤོས་ཡུལ་མིར་ངོ་རྒོལ་དང་དབྱི་སི་ལན་ཅན་ལ་ངོ་རྒོལ་བྱེད་པའི་འཇར་མན་གྱི་གདམ་གསེས་ཏང་གྱི་སྟོབས་ཤུགས་གསར་པ་གློ་བུར་དུ་ཐོན་འགོ་ཚུགས་ནས། བརྒྱ་ཆ་10དང་གྲངས་ཆུང་5འི་ཐོག་ནས་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཁང་གི་གདན་ཐོབ་དང་པོ་ཐོབ་མཁན་གྱི་གཡས་ཕྱོགས་སྲིད་ཏང་ལ་འགྱུར་ཡོད། མནའ་འབྲེལ་ཏང་མ་གཞི་ཏང་ཆེ་བ་དང་པོ་དེ་ཡིན་ཡང་། འདེམས་ཤོག་ཐོབ་ཚད་སྐབས་གོང་མའི་འདེམས་བསྐོ་ཆེན་པོ་དང་བསྡུར་ན་བརྒྱ་ཆའི་གནས་8དང་ཚགས་5བར་ཆག་ཡོད། དཔལ་འབྱོར་ཐད་རྒྱལ་ཁ་ཐོབ་པ་དང་ཡུལ་གྱར་བའི་གནད་དོན་ཐད་ཕམ་ཉེས་བྱུང་བ་ནི་འཇར་མན་གསར་འགྱུར་ཚན་པས་ད་ཐེངས་མོར་ཁེར་ལ་མངར་སྐྱུར་འདྲེས་མའི་རྒྱལ་ཁ་ཐོབ་པར་ཡོངས་ཁྱབ་ཐོག་འགྲེལ་བཤད་རྒྱབ་ཡོད། སྤྱི་ལོ་2015ལོ་ནས་བཟུང་འཇར་མན་གྱིས་ཡུལ་གྱར་བ་ས་ཡ་གཅིག་ལྷག་རྩིས་ལེན་བྱས་ཡོད། དབྱིན་ཇིའི་གླེང་ཕྱོགས་རྟོག་ཞིབ་ཀུང་སིས་སྤྱི་ཟླ་10པའི་ཚེས་6ཉིན་ཡོངས་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་གསར་ཤོས་ལ་གཞིགས་ན། འཇར་མན་གྱི་མང་ཚོགས་བརྒྱ་ཆ་56ལས་བརྒལ་བས་རྒྱལ་ཁོངས་སུ་སླེབས་པའི་ཡུལ་གྱར་བའི་སྤྱི་འབོར་ལ་ཚད་གཞི་བཟོ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་དང་། ངོ་རྒོལ་བྱེད་མཁན་བརྒྱ་ཆ་28ལས་ཟིན་གྱི་མེད་པ་རེད།

མ་གཞི་མོར་ཁེར་གྱིས་དམངས་འདོད་དང་ཆབ་སྲིད་ཕྱོགས་ཁག་གཉིས་ཀྱི་གནོན་ཤུགས་འོག་འོས་མེད་འགྲིག་ཐབས་བྱས་པ་དང་། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཡུལ་གྱར་བའི་སྲིད་ཇུས་ལེགས་སྒྲིག་བྱ་རྒྱུའི་མོས་མཐུན་བྱས་ཡོད། ཡིན་ནའང་སྲིད་གཞུང་གསར་པའི་སྲིད་དབང་འཛིན་མཁན་མནའ་འབྲེལ་གྱིས་ལག་བསྟར་བྱ་མིན་དེ་སྔར་བཞིན་ཤོག་ཁག་པོ་རེད། འདེམས་བསྐོ་ཆེན་པོའི་མཇུག་འབྲས་ཐོན་རྗེས། སྤྱི་ཚོགས་དམངས་གཙོ་ཏང་གིས་མནའ་འབྲེལ་ཏང་དང་མཉམ་དུ་སྲིད་འཛིན་བྱ་རྒྱུ་མིན་ཞེས་ཁ་གསལ་བསྟན་མྱོང་ཡོད་པའི་དབང་གིས། ནང་བློན་ཁང་གྲབས་འཛུགས་ཀྱི་ཐབས་ཤེས་ཉག་ཅིག་དེ་ནི་མནའ་འབྲེལ་ཏང་དང་རང་དབང་དམངས་གཙོ་ཏང་། དེ་བཞིན་ལྗང་མདོག་ཏང་བཅས་མཉམ་དུ་སྲིད་འཛིན་མནའ་འབྲེལ་འཛུགས་རྒྱུ་དེ་རེད། མནའ་འབྲེལ་ཏང་དང་རང་དབང་དམངས་གཙོ་ཏང་། ལྗང་མདོག་ཏང་བཅས་ཀྱིས་ཁག་སོ་སོའི་ཚོས་གཞི་ནི་ནག་པོ་དང་སེར་པོ། ལྗང་ཁུ་བཅས་ཡིན་པས། ཡ་མེ་ཅ་རྒྱལ་ཁབ་ཀྱི་རྒྱལ་དར་དང་ཚོས་གཞི་གཅིག་པ་ཡིན། དེར་བརྟེན་སྲིད་འཛིན་མནའ་འབྲེལ་ཏང་དེར་ཡ་མེ་ཅ་མནའ་འབྲེལ་ཞེས་ཀྱང་ཟེར་གྱི་ཡོད་པ་རེད།

དབྱེ་ཞིབ་བྱས་ཏེ་ཡ་མེ་ཅ་མནའ་འབྲེལ་ཞེས་པའི་ནང་བློན་ཁང་གྲབས་འཛུགས་ཀྱི་འཕེལ་རིམ་ཧ་ཅང་འགོར་པོ་ཡོད་པའི་ངོས་འཛིན་བྱས་ཡོད། མིག་སྔར་ཏང་གསུམ་པོའི་བར་སྲིད་ཇུས་ཀྱི་ཁྱབ་ཁོངས་ཁག་མང་པོ་དང་ལྷག་པར་དུ་ཡུལ་གྱར་བའི་སྲིད་ཇུས་ཐད་ཕྱོགས་འགལ་གནས་ཡོད། དེ་ཡང་རང་དབང་དམངས་གཙོ་ཏང་གིས་ཡུལ་གྱར་བའི་ཚད་གཞི་ཚོད་འཛིན་ནན་པོ་བྱེད་དགོས་པའི་འདོད་ཚུལ་འཛིན་ནས། ཡུལ་གྱར་བའི་སྲིད་ཇུས་ཐད་མོར་ཁེར་གྱིས་ལས་དོན་ཡག་པོ་སྒྲུབ་མེད་པའི་ངོས་འཛིན་བྱས་པ། མི་ཆོས་རིང་ལུགས་སྒྲོག་སྤེལ་བྱེད་མཁན་ལྗང་མདོག་ཏང་གིས་མནའ་འབྲེལ་ཏང་ནས་ཡུལ་གྱར་བའི་སྲིད་ཇུས་དམ་དུ་གཏོང་བའི་འཕེལ་ཕྱོགས་ལ་ཡིད་རང་བྱེད་ཀྱི་མེད། ཡིན་ནའང་འཇར་མན་གྱི་དུས་རབས་གཟའ་འཁོར་ཚགས་པར་གྱི་དཔྱད་གཏམ་པ་ཏའོ་སེན་ཐེས། མ་གཞི་ཡ་མེ་ཅ་མནའ་འབྲེལ་དེ་དང་ཐོག་མ་ནས་མནའ་འབྲེལ་ཁོངས་སུ་བརྩི་གི་མེད། འོན་ཀྱང་འཇར་མན་གྱི་འདེམས་དམངས་ཚོས་སྲིད་འཛིན་གསར་པས་རྣམ་པ་གསར་པ་གཏོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མཚམས་གཅོད།