རྒྱལ་སྤྱིའི་གསར་འགྱུར་རྒྱས་གླེང་ལེ་ཚན་ནང་འགོ་བརྗོད་དུ་དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་ནས་ལོ་བཅུ་དྲུག་སོང་བ་དང་ཨ་རིའི་མང་ཚོགས་ལ་དེ་སྔའི་བདེ་འཇགས་ཀྱི་ཚོར་བ་དེ་འདྲ་ཡོད་དམ།
སྤེལ་བའི་དུས་ཚོད། : 2017-09-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ལོ་བཅུ་དྲུག་གོང་གི་དགུ་པའི་ཚེས་བཅུ་གཅིག་ཉིན་འཇིགས་སྐུལ་པས་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་གཉིས་བཙན་ཁྲིད་བྱས་ཏེ་ཨ་རིའི་འཛམ་གླིང་ཉོ་ཚོང་ལྟེ་གནས་ཀྱི་ཐོག་ཁང་ལ་བརྡུངས་ནས་མི་སུམ་སྟོང་ཙམ་འཇབ་རྒོལ་དོན་རྐྱེན་ནང་རྐྱེན་ལམ་དུ་བཏང་ཡོད། དེ་ནས་བཟུང་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུ་དེ་ཨ་རིའི་རྒྱུན་རྣམ་ལ་གྱུར་བ་རེད།

འདས་ཟིན་པའི་ལོ་བཅུ་དྲུག་ནང་ཨ་རི་བས་འཇིགས་སྐུལ་ལ་ངོ་རྒོལ་བྱ་རྒྱུ་དེ་བྱ་དཀའ་བྱེད་གཏད་ཀྱི་གནས་སུ་ལྷུངས་བ་དང་ཐ་ན་མཇུག་འགྲིལ་བའི་དུས་ཤིག་མེད་པར་གྱུར་ཡོད། ཐེ་རོན་ཕུས་ཨ་རི་སླར་ཡང་བདེ་འཇགས་གནས་ལ་འགྱུར་བ་བྱེད་དགོས་ཞེས་པའི་འབོད་ཚིག་བསྒྲགས་པས་རྗེས་འབྲངས་པ་འབོར་ཆེན་ཞིག་ཡིད་འགུག་ཐུབ་ཡོད། ད་ཆ་ཨ་རིའི་མང་ཚོགས་ལ་དེ་སྔའི་བདེ་འཇགས་ཡིན་པའི་ཚོར་སྣང་ཡོད་དམ།

དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་ཚུན། ཨ་རིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་ཐད་མ་དངུལ་འབོར་ཆེན་བཏང་ཡོད། དབྱི་སི་རལ་གྱི་ཅེ་རུ་ས་ལམ་སྦྲགས་སྲིད་ཚགས་པར་ཞེས་པས་རྩིས་བརྒྱབ་ཡོད་པ་སྟེ། ལོ་བཅུ་དྲུག་རིང་དམག་འཁྲུག་ཐེངས་ཁ་ཤས་བྱུང་བ་དང་། ཨ་རིའི་ཙུང་ཐུང་གསུམ་བརྗེས་པ། ཨ་རིའི་དམག་མི་༦༩༢༨རྐྱེན་ལམ་དུ་ཤོར་བ། མི་ས་ཡ་གཅིག་ཙམ་ལ་རྨས་སྐྱོན་ཕོག་པ། འགྲོ་གྲོན་ཨ་སྒོར་དུང་ཕྱུར་ཁྲི་ཁ་ཤས་བཏང་བ། ད་དུང་ཉེས་ཅན་པ་༤༡ཀོན་ཐ་ན་མོར་བཙོན་འཇུག་བཅས་བྱས་ཡོད་པ་རེད།

ཨབ་ཀ་ནི་སི་ཐན་གྱི་དམག་འཁྲུག་དཔེར་བཞག་ན། ཨ་རིའི་ལོ་རྒྱུས་ཐོག་དུས་ཡུན་རིང་ཤོས་ཀྱི་དམག་འཁྲུག་ཅིག་ཡིན་པའི་ཆ་ནས། ལོ་བཅུ་དྲུག་གོང་། ཨ་རིས་འཇིགས་སྐུལ་ལ་ངོ་རྒོལ་ཞེས་པའི་མིང་ཐོག་ནས་དམག་འཁྲུག་བསླངས་ཡོད། ལོ་བཅུ་དྲུག་རིང་། འགྲོ་གྲོན་ཨ་སྒོར་དུང་ཕྱུར་༨༠༠༠ལྷག་ཙམ་བཏང་བ་དང་། དམག་མི་༢༢༠༠ཨབ་ཀ་ནི་སི་ཐན་དུ་རང་སྲོག་བློས་གཏོང་བྱས་ཡོད། སྤྱི་ལོ་༢༠༡༡ལོའི་ལོ་མཇུག་ཏུ། ཨ་རིས་དམག་དཔུང་ཕྱིར་འཐེན་བྱེད་འགོ་ཚུགས་ཡོད་ནའང་ཐ་ལི་པན་སླར་ཡང་སྟོབས་ཆེར་ཕྱིན་པ་དང་། དེ་བཞིན་ཐལ་སྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བ་དབུས་ཤར་དུ་ཐོན་པ། དམག་དཔུང་ཕྱིར་འཐེན་གྱི་གོམ་སྟབས་དལ་དུ་སོང་ཡོད། ཟླ་བ་གོང་མར། ཐེ་རོན་ཕུས་ཨ་རིས་མུ་མཐུད་ཨབ་ཀ་ནི་སི་ཐན་ལ་དམག་མི་སྣོན་གཏོང་བྱ་རྒྱུ་དང་། རྒྱལ་ཁ་མ་ཐོབ་བར་དམག་འཁྲུག་མུ་མཐུད་རྒྱག་རྒྱུའི་ཁྱབ་བསྒྲགས་བྱས་ཡོད།

དགུ་པའི་བཅུ་གཅིག་གི་དོན་རྐྱེན་ནང་རྐྱེན་ལམ་ཤོར་བའི་གེ་ལེ་གེ་ནང་མིས་ཉིའུ་ཡོག་སྐབས་དོན་ཚགས་པར་ལ་བསྐུར་བའི་ཡི་གེའི་ནང་། སྲིད་གཞུང་གིས་འཇིགས་སྐུལ་འཇབ་རྒོལ་ལ་བྱས་པའི་ལན་ཆས་སྔར་བས་ཇེ་སྡུག་ཏུ་འགྲོ་བའི་ཚོར་སྣང་སྤྲོད་ཀྱི་འདུག ངའི་བསམ་པར་ང་ཚོའི་སྲིད་གཞུང་གིས་གཏུམ་སྤྱོད་དང་འཁོན་ལན་སློག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་བཞིན་ཡོད། ང་ཚོའི་བུ་ཕྲུག་མི་ཆོས་ལས་འགལ་བའི་འདུ་ཤེས་རྣམ་པའི་ཁྲོད་རང་སྲོག་ཤོར་ཡོད། ང་ཚོས་འཇིགས་སྐུལ་རིང་ལུགས་ཀྱི་རྒྱལ་ཁབ་ལ་སྔར་བས་སྟངས་འཛིན་གྱི་ལན་ཆ་བྱས་ཏེ་ང་ཚོའི་འཇིག་རྟེན་འདིའི་ཐོག་ཞི་བདེ་དང་དྲང་གཞག་ཡོང་བ་བྱེད་དགོས་པ་ལས་ང་ཚོའི་རྒྱལ་ཁབ་ལ་དུས་རབས་འདིའི་མི་ཆོས་རིང་ལུགས་ལས་བྲལ་བའི་རིགས་མང་དུ་མི་འགྲོ་བ་བྱེད་དགོས་ཞེས་བྲིས་ཡོད་པ་རེད།

དོན་དངོས་ཐོག་འདས་ཟིན་པའི་ལོ་ངོ་བཅུ་གྲངས་ནང་ཨ་རིའི་ཕྱི་ཕྱོགས་ལ་འཛིན་པའི་སྲིད་ཇུས་ཀྱི་རྨང་རྡོ་ཆེ་ཤོས་ཤིག་ནི་དམག་དོན་ཐབས་ལམ་གཙོ་བོར་བཟུང་ཡོད། འོན་ཀྱང་ཨ་རིས་དམག་དོན་ལ་བརྟེན་ནས་གཏོར་བཤིག་བཏང་བ་དང་དུས་མཚུངས་སུ་རྗེས་མཐུད་ཀྱི་ཕྱི་འབྲེལ་བསྐྱར་འཛུགས་ལ་འབད་བརྩོན་བྱ་རྒྱུ་འདང་མེད། ཨ་རིའི་རིག་མཛོད་རྒྱལ་སྤྱིའི་སྲིད་ཇུས་ལྟེ་གནས་ཞེས་པའི་མཐོ་རིམ་ཞིབ་འཇུག་པ་མ་ཤིའུ་ཧའོ་ཧེས་ཨ་རིས་ནང་སྲིད་ལ་ཐེ་ཇུས་བྱས་མྱོང་བའི་རྒྱལ་ཁབ་ལི་བི་ཡ་དང་། དབྱི་རག ཡལ་མོན། ཨབ་ཀ་ནི་སི་ཐན་བཅས་ཚང་མར་ཟིང་ཆ་ལངས་ཡོད་ཅེས་བསྟན་ཡོད།

མིག་སྔ་ནས་བལྟས་ཚེ། ཐེ་རོན་ཕུ་སྲིད་གཞུང་གིས་ཀྱང་ཨ་རིས་དུས་ཡུན་རིང་པོའི་ནང་དམག་དོན་ལ་སྣང་ཆེན་དང་ཕྱི་འབྲེལ་ལ་སྣང་ཆུང་བྱེད་པའི་འཇིགས་སྐུལ་ངོ་རྒོལ་གྱི་གོམས་གཤིས་ངན་པར་འགྱུར་བ་ཕྱིན་མེད། ཨ་རིའི་རིགས་གཅིག་མཁས་པས། གལ་ཏེ་འཇིགས་སྐུལ་ལ་ངོ་རྒོལ་གྱི་སྲིད་ཇུས་དེར་འགྱུར་ལྡོག་མ་བཏང་ཚེ། ཨ་རི་འདི་ཉིད་འཇིགས་སྐུལ་ལ་ངོ་རྒོལ་ཇི་ཙམ་བྱས་རུང་དེ་ཙམ་གྱིས་འཇིགས་སྣང་ཆེ་རུ་འགྲོ་བའི་གནས་བབ་ལས་ཐར་ཐབས་བྲལ་བའི་ངོས་འཛིན་བྱས་ཡོད་པ་རེད།

རྫོགས་རྒྱུ་མེད་པའི་དམག་འཁྲུག་གིས་ཨ་རི་བ་དེ་བས་མང་བ་ངལ་དུབ་ཁྲོད་ལྷུངས་བ་དང་། མི་རྣམས་ནས་ཀྱང་དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་ནས་ལོ་བཅུ་དྲུག་སོང་རྗེས་ཨ་རི་འདི་ཉིད་ད་ཆ་སྔར་བས་བདེ་འཇགས་ལྡན་པ་ཞིག་ཏུ་འགྱུར་མིན་ཐད་ཟམ་མི་ཆད་པར་བསམ་གཞིག་བྱེད་བཞིན་ཡོད།

ཕི་ཡོའུ་ལྟེ་གནས་ཀྱིས་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་མཇུག་འབྲས་ལས་མངོན་པར། ཨ་རི་བ་བཅར་འདྲི་དང་ལེན་བྱེད་མཁན་བརྒྱ་ཆ་བཞི་བཅུ་ཡིས། འཇིགས་སྐུལ་འཇབ་རྒོལ་ཐོན་བཟོ་ཡོད་ཚད་དགུ་པའི་བཅུ་གཅིག་ལས་ཆེ་བ་ཡོད་ཅེས་བསྟན་ཡོད། མང་ཚོགས་དཀྱུས་མའི་ངོས་ནས་བཤད་ན། འཇིགས་སྐུལ་འཇབ་རྒོལ་ཕོག་རྒྱུ་སྔོན་འགོག་བྱ་ཆེད། ཁོང་ཚོས་མི་སྒེར་གྱི་དབང་ཆའི་རིན་དོད་འཇལ་དགོས་ཀྱི་ཡོད་པ་སྟེ། གནམ་ཐང་དུ་འཕྲོ་འགྱེད་Xབརྟག་དཔྱད་དང་ལེན་བྱེད་དགོས་པ་དང་། ཤུགས་དྲག་ལྡན་པའི་སྡེ་ཁག་གིས་མི་སྒེར་གྱི་ཆ་འཕྲིན་ལ་བལྟ་བ། ཕྱིར་ཐོན་སྐབས་ཁྲོམ་གཞུང་གི་བརྙན་མཐོང་ལྟ་སྐུལ་ཚོད་འཛིན་དེ་བས་མང་བ་དང་ལེན་བྱེད་དགོས་པ་སོགས་ཡིན།

དེ་ཙམ་གྱིས་མ་ཟད། དེང་གི་ཨ་རི་ཞེས་པས་བསྡོམས་རྩིས་བྱས་པར་གཞིགས་ན། ན་ནིང་། རྒྱལ་ཁབ་བརྒྱ་དང་བཅུ་མེད་བཞིར་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཆིག་ཁྲི་ཆིག་སྟོང་ཙམ་ཐོན་པ་དང་། དེའི་ཁྲོད་མི་ཉིས་ཁྲི་ལྔ་སྟོང་ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད། དེ་དང་བསྡུར་ན། སྤྱི་ལོ་༢༠༠༡ལོར་ཐོན་པའི་འཇིགས་སྐུལ་དོན་རྐྱེན་༢༠༠༠ཁྲོད་མི་༧༠༠༠རྐྱེན་ལམ་དུ་ཤོར་ཡོད། མ་གཞི་ཨ་རི་སྲིད་གཞུང་གིས་དགུ་པའི་ཚེས་༡༡གི་དོན་རྐྱེན་ཐོན་རྗེས་འབད་བརྩོན་མང་པོ་བྱས་རུང་འཇིགས་སྐུལ་རིང་ལུགས་ཀྱི་འཇིགས་སྣང་སྔར་བཞིན་ཆེ་རུ་སོང་ཡོད། ཐུལ་ཐེའི་དྲ་གྲོགས་ཞིག་གིས། གལ་ཏེ་ང་ཚོས་མི་གཞན་ལ་འཇིགས་སྣང་སྐུལ་མཚམས་བཞག་ཚེ། གཅིག་བྱས་ན་མི་གཞན་དག་གིས་ཀྱང་ང་ཚོར་འཇིགས་སྣང་སྐུལ་མཚམས་འཇོག་སྲིད། ང་ཚོས་གཞན་བསད་པའི་མི་གྲངས་ང་ཚོའི་གྲོངས་པའི་མི་གྲངས་ལས་མང་བ་ཡོད། འོན་ཀྱང་ཁོང་ཚོ་ནི་སྡུག་རྩུབ་ཆེ་བའི་འཇིགས་སྐུལ་པར་གྱུར་ཡོད་ཅེས་བཤད་ཡོད་པ་རེད།

རིགས་གཅིག་མཁས་པས། དགུ་པའི་ཚེས་བཅུ་གཅིག་ཉིན་གྱི་འཇིགས་སྐུལ་འཇབ་རྒོལ་ཐོན་ཚུན། ཨ་རིས་ཐལ་སྐྱོད་བསམ་བློ་བཀག་འགོག་བྱེད་པའི་ཐད་གྲུབ་འབྲས་གང་ཡང་ཐོབ་མེད་པ་དང་། འཛམ་གླིང་གི་བདེ་འཇགས་དུས་བབ་དེ་དགུ་པའི་བཅུག་གཅིག་གི་དོན་རྐྱེན་ཐོན་སྐབས་ལས་ཉེན་ཁ་ཆེ་རུ་སོང་ཡོད། དགུ་པའི་བཅུ་གཅིག་གི་དོན་རྐྱེན་ཐོན་རྗེས་ཨ་རིས་དབུས་ཤར་སོགས་ས་ཁུལ་དུ་མི་ཤུགས་དང་། དངོས་ཤུགས། ནོར་ཤུགས་བཅས་འབོར་ཆེན་བཏང་ཡོད། འོན་ཀྱང་མཇུག་འབྲས་གང་འདྲ་ཐོབ་ཡོད་དམ་ཞེ་ན། ཝུ་སྡེ་ལོ་ཝེར་ཤུན་རྒྱལ་སྤྱིའི་མཁས་དབང་ལྟེ་གནས་ཀྱི་སྤྱི་འདོམས་པ། དགུ་པའི་བཅུ་གཅིག་དོན་རྐྱེན་རྗེས་ཨ་རིའི་གྲོས་ཚོགས་སྨད་པའི་གསང་འཕྲིན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཁུར་མྱོང་བའི་ཇན་ཧ་མན་གྱིས། ང་ཚོས་དགྲ་བསགས་པའི་དགྲ་བོ་ང་ཚོས་རྩ་མེད་བཟོས་པ་ལས་མང་བ་ཡོད་ཅེས་བཤད་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བྱམས་པ་ཚེ་རིང་།