རྒྱལ་སྤྱིའི་སྤྱི་ཚོགས་ནས་ཨ་རི་དང་བྱང་ཁུ་རུ་ཡས་གཏམ་སྤྱོད་ལ་གཟབ་ནན་བྱས་ནས་ཕྱེད་གླིང་ཕྲན་གྱི་དུས་བབ་སྡུག་ཏུ་མི་འགྲོ་བ་བྱ་དགོས་པའི་རེ་འབོད་བྱས་པ།
སྤེལ་བའི་དུས་ཚོད། : 2017-08-13 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཙུང་ཐུང་ཐེ་རོན་ཧྥུ་དང་བྱང་ཁུ་རུ་ཡའི་དབང་འཛིན་ལས་ཁུངས་བར་འཐབ་འཛིང་བྱ་རྒྱུའི་འཇིགས་སྣང་སྐུལ་རེས་ཐེངས་མང་བྱས་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་དོ་སྣང་ཆེན་པོ་བྱེད་པ་དང་། ཨ་རི་དང་བྱང་ཁུ་རུ་ཡས་གཏམ་སྤྱོད་ལ་གཟབ་ནན་བྱས་ནས་ཕྱེད་གླིང་ཕྲན་གྱི་དུས་བབ་སྡུག་ཏུ་མི་འགྲོ་བ་བྱ་དགོས་པའི་རེ་འབོད་བྱས་པ་རེད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སེས་སྤྱི་ཚེས་བཅུ་གཅིག་ཉིན་མགྲིན་ཚབ་པ་བརྒྱུད། ཨ་རི་དང་བྱང་ཁུ་རུ་ཡའི་བར་གྱི་ཁ་རྩོད་ཚབས་ཇེ་ཆེར་འགྲོ་བར་སེམས་ཁྲལ་འདུག་ཅེས་དང་། མིག་སྔའི་ཁ་ཚ་དགོས་གཏུགས་ནི་ཕྱོགས་ཁག་ནས་བྱ་ཐབས་སྤྱད་དེ་ཁུ་རུ་ཡ་ཕྱེད་གླིང་ཕྲན་གྱི་ཛ་དྲག་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་དེ་ཡིན་པའི་ངོས་འཛིན་གནང་འདུག

ཁོང་ནས་ཛ་དྲག་པའི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུར་ཕན་པའི་གྲོས་འགོ་ཚང་མར་དགའ་བསུ་ཞུ་རྒྱུ་དང་། ཕྱི་འབྲེལ་གྱི་འབད་བརྩོན་སླར་གསོ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལ་ཧྥུ་ལོ་ཧྥུས་སྤྱི་ཚེས་བཅུ་གཅིག་ཉིན། ཨ་རི་དང་བྱང་ཁུ་རུ་ཡ་བར་གྱི་ཁ་རྩོད་དེ་ཚད་ལས་བརྒལ་ཡོད། ཨུ་རུ་སུ་ཕྱོགས་ནས་ཕྱོགས་གཉིས་པོའི་རྣམ་དཔྱོད་སླར་གསོ་ཐུབ་རེ་བྱེད་ཀྱི་ཡོད་ཅེས་དང་། ལ་ཧྥུ་ལོ་ཧྥུས། ཨུ་རུ་སུས་བྱང་ཁུ་རུ་ཡ་རྡུལ་སྙིང་ཡོད་པའི་རྒྱལ་ཁབ་ཏུ་འགྱུར་རྒྱུ་དང་ལེན་བྱེད་མི་སྲིད་ཅེས་གསུངས་འདུག

ལྷོ་ཁུ་རུ་ཡའི་ཙུང་ཐུང་ལས་ཤག་ཆིང་ཧྭ་ཐེ་ཡི་མགྲིན་ཚབ་པས། སྤྱི་ཚེས་བཅུ་ཉིན། བྱང་ཁུ་རུ་ཡའི་དུས་བབ་ཛ་དྲག་པོ་དེ་དང་དམག་དོན་རྡུང་ཐུག་དེ་རྒྱལ་ཁབ་སུ་ལ་ཡང་ཕན་པ་མེད་པ་ཞིག་རེད། ལྷོ་ཁུ་རུ་ཡས་ཕྱི་འབྲེལ་གྱི་བྱ་ཐབས་ཧུར་ཐག་སྤེལ་ནས་དུས་བབ་ཞི་ལྷོད་དུ་གཏོང་རྒྱུ་མ་ཟད་བྱང་ཁུ་རུ་ཡའི་བར་གྱི་སྐད་ཆ་ཤོད་རེས་ཀྱི་སྒོ་མོ་རྒྱུན་མཐུད་ངང་ཕྱེ་རྒྱུ་ཡིན་ཞེས་གསུངས་འདུག

ལྗར་མན་གྱི་ཙུང་ལི་མོ་ཁེར་གྱིས་སྤྱི་ཚེས་བཅུ་གཅིག་ཉིན། ཁུ་རུ་ཡ་ཕྱེད་གླིང་ཕྲན་གྱི་རྡུལ་སྙིང་གནད་དོན་ལ་དམག་དོན་ཐོག་ནས་ཐག་གཅོད་པའི་བྱ་ཐབས་མེད། ཁ་རྩོད་ཤུགས་ཆེ་རུ་ཕྱིན་པ་དེ་ནོར་འཁྲུལ་གྱི་ལན་ཆ་ཞིག་རེད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མུ་མཐུད་བྱང་ཁུ་རུ་ཡའི་རྡུལ་སྙིང་གནད་དོན་ཞི་བའི་ཐོག་ནས་ཐག་གཅོད་རྒྱུར་འབད་བརྩོན་བྱ་དགོས་ངེས་ཡིན་པ་དང་། འབྲེལ་ཡོད་རྒྱལ་ཁབ་ནས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་གསུངས་འདུག

ཁ་ན་ཏའི་ཕྱི་འབྲེལ་པུའུ་ཀྲང་ཕེ་ལི་ལན་གྱིས་སྤྱི་ཚེས་བཅུ་གཅིག་ཉིན། ཁ་ན་ཏས་ཨ་རི་དང་བྱང་ཁུ་རུ་ཡ་ཕྱོགས་གཉིས་པོས་ཁུ་རུ་ཡ་ཕྱེད་གླིང་ཕྲན་དུ་གདོང་ཐུག་གི་ཆག་སྒོ་ཐོན་པར་བྱེད་པའི་བྱ་ཐབས་སྤྱོད་རྒྱུར་བཀག་འགོག་བྱ་དགོས།

དེ་དང་ཆབས་ཅིག་ཁ་ན་ཏས་མུ་མཐུད་རྒྱལ་སྤྱིའི་རོགས་པ་དང་མཉམ་དུ་དུས་བབ་ཞི་ལྷོད་དུ་གཏོང་བའི་བྱ་ཐབས་འཚོལ་ཞིབ་བྱ་རྒྱུ་ཡིན་ཞེས་གསུངས་འདུག

རྩོམ་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། མིག་དམར་རྒྱལ་པོ།