ཨ་རིའི་དམག་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཤར་རྒྱུད་ས་ཁུལ་དུ་མཁའ་ཐོག་འཇབ་རྒོལ་བྱས་པའི་ཁྲོད་མི་སེར་༡༦རྐྱེན་ལམ་དུ་བཏང་བ།
སྤེལ་བའི་དུས་ཚོད། : 2017-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༡ཉིན་ཨ་ཧྥུ་ཀ་ནི་སི་ཐན་དཔོན་རིགས་ཀྱིས་སྙན་སྦྱོར་ལས་རིགས་ལ། ཨ་ཧྥུ་ཀ་ནི་སི་ཐན་ལ་བཅའ་སྡོད་ཨ་རིའི་དམག་གིས་ཉིན་ཤས་གོང་ཤར་རྒྱུད་ཀྱི་ནན་ཀེ་ཧར་མངའ་སྡེར་མཁའ་ཐོག་འཇབ་རྒོལ་བྱ་སྐབས་རླངས་འཁོར་ཞིག་ལ་འབར་མདེལ་ཕོག་ནས། རླངས་འཁོར་ནང་གི་མི་སེར་༡༦རྐྱེན་ལམ་དུ་བཏང་ཡོད་ཅེས་གསུངས་ཡོད། ནན་ཀེ་ཧར་མངའ་སྡེའི་ས་གནས་སྲིད་གཞུང་གི་དཔོན་རིགས་ཧ་ཅི། ས་སི། ཝ་ལིས་ངོ་སྤྲོད་གནང་བར་གཞིགས་ན། དོན་རྐྱེན་དེ་སྤྱི་ཚེས་༡༠ཉིན་ཐོན་པ་དང་། མི་སེར་དེ་དག་ཐལ་བསྐྱོད་སྒྲིག་འཛུགས་དབྱི་སི་ལན་རྒྱལ་ཁབ་ཟེར་བ་ལས་གཡོལ་ཆེད་རླངས་འཁོར་བསྡད་ནས་གནས་སྤོ་བྱེད་པའི་ལམ་བར་དུ་ཨ་རིའི་དམག་གི་མཁའ་ཐོག་འཇབ་རྒོལ་ཕོག་པ་དང་། འདས་པོ་༡༦ནང་བུད་མེད་ཡོད་ལ་བྱིས་པ་ཡང་ཡོད་ཅིང་། དེའི་ནང་གི་མི་༨་ཁྱིམ་ཚང་གཅིག་ནས་ཡིན་པ་རེད། སྤྱི་ཚེས་༡༡ཉིན་ནན་ཀེ་ཧར་མངའ་སྡེ་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཐའོ་ལ། ཧུ་ཅི་ཡ་ནིས་གནས་ཚུལ་ཐབས་སྡུག་དེ་བྱུང་བ་་ར་སྤྲོད་གནང་བ་དང་། དོན་རྐྱེན་དེར་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་གསུངས་ཡོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར། བསྟན་འཛིན་རྣམ་རྒྱལ།