ཕྱོགས་འགལ་ཐག་གཅོད་བྱེད་དཀའ་བ་དང་། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་ལམ་ཐག་རིང་བ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

རེས་སྐོར་གཉིས་པའི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་དེ་སྤྱི་ཟླ་7པའི་ཚེས་17ཉིན་འགོ་ཚུགས་ཞིང་། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་བར་གྱི་འགལ་ཟླ་ཞི་ལྷོད་དུ་འགྲོ་བའི་སྣང་ཚུལ་ཏིལ་འབྲུ་ཙམ་ཡང་ཐོན་མེད། ཉེ་དུས་ཡོ་རོབ་མནའ་འབྲེལ་གྱིས་དབྱི་ཇིས་ངེས་པར་དུ་ཁ་བྲལ་རྒྱུའི་གླ་རིན་སྤྲོད་དགོས་པ་དང་སྤྱི་དམངས་ཀྱི་ཁེ་ཕན་འགན་སྲུང་བྱེད་པ་སོགས་ཀྱི་ཆ་རྐྱེན་གསུམ་དུས་མཚུངས་སུ་ཁས་བླངས་ཚེ། གཞི་ནས་ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་དེ་དབྱིན་ཇི་དང་ཉོ་ཚོང་གནས་བབ་སོགས་གྲོས་གཞིར་གྲོས་མོལ་བྱ་རྒྱུ་ཡིན་པའི་བླང་བྱ་བཏོན་ཡོད། དབྱིན་ཇིས། ཡོ་རོབ་མནའ་འབྲེལ་གྱི་ཆ་རྐྱེན་ནན་དྲག་ཡོད་ཅེས་སྐྱོན་བརྗོད་བྱས་པ་དང་དུས་མཚུངས་སུ། རང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཀྱིས་ཡོ་རོབ་མནའ་འབྲེལ་ཁྲིམས་ལུགས་ཀྱི་ཚབ་བྱེད་པ་དང་། དེ་དབྱེ་འབྱེད་གྲོས་མོལ་ཁྲོད་རང་འགུལ་གནས་བབ་ཐོག་གནས་རྒྱུའི་བརྩི་མེད་གཏོང་བའི་ཁྲིམས་གཞི་ཆེན་པོ་ཁྱབ་བསྒྲགས་བྱས་ཡོད། རེས་སྐོར་གསར་པའི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་བདེ་བླང་ཡོང་མིན་དང་མཇུག་འབྲས་གང་ཞིག་ཐོབ་མིན་མིག་སྔར་ཤོད་ཁག་པོ་ཡིན་པ་རེད།

རྩིས་མེད་གཏོང་བའི་ཁྲིམས་གཞི་ཆེན་པོ་ཕུད། དབྱིན་ཇིའི་སྲིད་གཞུང་གིས་ད་དུང་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་གྱི་ལངས་ཕྱོགས་སྐོར་གྱི་ཡིག་ཆ་གསུམ་སྤེལ་ཡོད། དབྱིན་ཇིའི་ག་ཏི་ཧྥུ་སློབ་གྲྭ་ཆེན་མོའི་ཆབ་སྲིད་དང་ཁྲིམས་ལུགས་དགེ་རྒན་ཆེན་མོ་བ་ལོ་ཅེ་ནས་འདི་ག་ཚགས་པར་ལས་ཁུངས་ཀྱི་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། དེ་དག་ཚང་མ་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་གྱི་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆར་བརྩི་ཡི་ཡོད། དེའི་ནང་བརྩི་མེད་གཏོང་བའི་ཁྲིམས་གཞི་ཆེན་མོར་གྲོས་འཆམ་བྱུང་མིན་ཐད། གཏན་འཁེལ་མེད་པའི་གནད་དོན་ངེས་ཅན་ཞིག་ལྷག་ཡོད་པས། མ་འོངས་པར་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་གྱི་འཕེལ་རིམ་དང་འགྲོ་ཕྱོགས་ལ་ཤུགས་རྐྱེན་ཐེབས་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད་པ་རེད།

ཉེ་དུས་ཡོ་རོབ་མནའ་འབྲེལ་དང་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་བྱ་དོན་གྱི་དབྱི་ཇིའི་དབུ་ཞུགས་དབྱེ་འབྱེད་གྲོས་མོལ་གྱི་སྐུ་ཚབ་སྤ་ཉི་ཡེས། དབྱིན་ཇིས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་ཐད་ཁ་བྲལ་བའི་གླ་རིན་སྤྲོད་དགོས་པ་དང་། དབྱིན་ཇིར་གནས་སྡོད་བྱེད་པའི་ཡོ་རོབ་མནའ་འབྲེལ་ཁོངས་གཏོགས་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། དེ་བཞིན་ཨེར་ལན་མཐའ་མཚམས་བཅས་གཙོ་བོའི་གྲོས་གཞི་ཁག་གསུམ་ཐད་འཕེལ་རིམ་ཐོན་པའི་སྔོན་འགྲོའི་འོག ཡོ་རོབ་མནའ་འབྲེལ་གྱིས་མུ་མཐུད་དེ་དབྱིན་ཇི་དང་ཉོ་ཚོང་གནས་བབ་སོགས་གྲོས་གཞིའི་ཐད་གྲོས་བསྡུར་བྱ་རྒྱུ་ཡིན་ཞེས་བསྟན་པ་དང་། སྤ་ཉི་ཡེས། ཕྱོགས་ཁག་གསུམ་པོ་དེ་དག་ནི་ཕན་ཚུན་བྲལ་ཐབས་མེད་པ་དང་ཕན་ཚུན་འབྲེལ་བ་ཡོད་པས། ཡོ་རོབ་མནའ་འབྲེལ་གྱི་དེའི་ཐད་ཀྱི་ལངས་ཕྱོགས་ཧ་ཅང་གསལ་པོ་ཡིན་ཏེ། ཕྱོགས་ཁག་གསུམ་པོ་དེ་དག་ཐད་དབྱིན་ཇིས་ཁས་ལེན་བྱས་ཚེ། གཞི་ནས་དབྱེ་འབྱེད་གྲོས་མོལ་མུ་མཐུད་བྱ་ཐུབ་ཅེས་བསྟན་ཡོད་པ་རེད།

ཁ་བྲལ་བའི་གླ་རིན་སྤྲོད་རྒྱུ་ངོ་མ་ཡིན་ལ་གྲངས་འབོར་ཐད་ཤོད་སྟངས་མི་གཅིག་པ་ཡོད། དབྱིན་ཇིའི་དངུལ་རྩའི་སྐབས་བསྟུན་ཚགས་པར་གྱིས་ཡོ་རོབ་མནའ་འབྲེལ་གྱི་དབྱེ་འབྱེད་གྲོས་མོལ་ཚོགས་པའི་སྲོག་ཤིང་ཁོངས་མིར་བཅར་འདྲི་ཞུ་སྐབས། ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇིའི་ས་ནས་ལེན་རྒྱུའི་རྩིས་ཐོའི་སྤྱི་འབོར་དབྱིན་ཇིའི་སྒོར་མོ་དུང་ཕྱུར་400ནས་དབྱིན་ཇིའི་སྒོར་མོ་དུང་ཕྱུར་600ཙམ་ཟིན་པ་ཚོད་རྩིས་བྱས་ཡོད། ཡིན་ནའང་གསར་འགྱུར་ཚན་པས་ཟུར་གསལ་བྱས་པའི་གྲངས་གཞི་ནི་དེ་ལས་མཐོ་བ་ཡོད་པ་རེད། དངུལ་རྩའི་སྐབས་བསྟུན་ཚགས་པར་ཐོག་སྤྱི་ཚེས་14ཉིན་འགོད་སྤེལ་བྱས་པའི་གནས་ཚུལ་ལ་གཞིགས་ན། དབྱིན་ཇིའི་སྲིད་གཞུང་གིས་གྲོས་ཚོགས་ཁང་ལ་ཕུལ་བའི་དངུལ་རྩའི་ཐག་གཅོད་ཇུས་གཞི་ཞིག་གི་ཡིག་ཐོག་གསལ་བསྒྲགས་ནང་། དབྱིན་ཇིས་ཡོ་རོབ་མནའ་འབྲེལ་ལ་བུ་ལོན་བཟོས་པ་ཁས་ལེན་བྱས་ཡོད། ཚགས་པར་དེའི་ཐོག་དཔྱད་གཏམ་སྤེལ་ཏེ། དེའི་ཐོག་ནས་དབྱིན་ཇིའི་སྲིད་གཞུང་གིས་དོན་དངོས་དེ་ཁས་ལེན་བྱེད་ཐེངས་དང་པོ་ཡིན་པ་མཚོན་ཡོད། དེའི་གོང་ཡོ་རོབ་མནའ་འབྲེལ་གྱིས་དབྱིན་ཇིའི་བུ་ལོན་སྤྱི་འབོར་ཡོ་རོབ་སྒོར་མོ་དུང་ཕྱུར་1000ཙམ་ཟིན་བཟོ་ཡོད་པའི་ཚོད་རྩིས་བྱས་ཡོད། ཡིན་ནའང་དངུལ་རྩའི་ཚགས་པར་ཐོག་གནས་ཚུལ་སྤེལ་བའི་ནང་། གསལ་བསྒྲགས་དེ་ནི་དབྱེ་འབྱེད་གྲོས་མོལ་གྱི་ནང་དོན་ལེགས་བཅོས་བྱ་ཆེད་ཡིན་པ་ལས། ངོ་བོའི་རང་བཞིན་གྱི་ཕྱིར་འཐེན་བྱས་པ་ཞིག་མིན་ཞེས་བསྟན་ཡོད་པ་རེད།

དབྱིན་ཇིའི་རླུང་འཕྲིན་ཀུང་སིའི་ཆབ་སྲིད་བྱ་དོན་གྱི་གཙོ་འགན་རྩོམ་སྒྲིག་པ་ཁུན་སི་བོ་གེས། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་རེས་སྐོར་དང་པོའི་དབྱེ་འབྱེད་གྲོས་མོལ་གྱི་མཇུག་འབྲས་ནས་ལྟས་ཚེ། དབྱིན་ཇི་ཤོར་ཡོད། དབྱིན་ཇིའི་དཔོན་རིགས་ཚོས། ཁོང་ཚོར་ཡོ་རོབ་མནའ་འབྲེལ་ལ་གོ་སྐོན་བློ་འགུག་བྱེད་པའི་ནུས་པ་ལྡན་པའི་ཡིད་ཆེས་བྱེད་མྱོང་ཡོད། ཡིན་ནའང་དོན་དངོས་ཐོག་ཁོ་ཚོ་ཕམ་ཉེས་སོང་ཡོད་ཅེས་དཔྱད་གཏམ་སྤེལ་ཡོད།

དཔྱད་གཏམ་ནང་། ཐེ་ལེ་ཧྲ་མེ་ཡི་འདེམས་བསྐོ་ཆེ་མོར་འགལ་རྐྱེན་ཚབས་ཆེན་འཕྲད་རྗེས། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དོན་དེ་སྔོན་དཔག་བྱེད་དཀའ་བའི་ཕྱོགས་སུ་འཁོར་བསྐྱོད་བྱེད་བཞིན་ཡོད། ཏང་ཕྱི་ནང་གི་གནོན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ་དང་དམངས་འདོད་རྣམ་པར་འགྱུར་ལྡོག་སོགས་རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པས། དབྱིན་ཇིའི་སྲིད་གཞུང་གིས་ཨུ་ཚུགས་མཐར་སྐྱེལ་གྱིས་ཡོ་རོབ་མནའ་འབྲེལ་ནས་དོན་སྲིད་དམ་ཡང་ན་ཞི་འཇམ་ཐོག་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་གནད་དོན་ཐད་རྣམ་འགྱུར་གསལ་པོ་མེད་པས། སྔ་ཕྱི་གཉིས་བར་འགལ་ཟླ་བྱུང་བའི་སྣང་ཚུལ་ཐོན་ཡོད།

སྲིད་གཞུང་གི་ལངས་ཕྱོགས་སྔ་ཕྱི་གཉིས་གཅིག་མཚུངས་མིན་པ་ཕུད། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་གནད་དོན་ལ་དམིགས་ཏེ། དབྱིན་ཇིའི་སྤྱི་ཚོགས་བརྟན་ལྷིང་མེད་པ་དང་ཐོར་ཞིག་ཏུ་འགྲོ་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད། དབྱིན་ཇིའི་ཉིན་རེའི་གློག་འཕྲིན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དམངས་འདོད་ལས་ཁུངས་ཀྱིས་དབྱིན་ཇི་བ་1017ལ་བྱས་པའི་བརྟག་དཔྱད་མཇུག་འབྲས་ལས་གསལ་བར། དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུར་རྒྱབ་སྐྱོར་བྱེད་མཁན་གྱི་བསྡུར་ཚད་བརྒྱ་ཆ་46བར་ཆག་པ་དང་། བརྟག་དཔྱད་དང་ལེན་བྱེད་མཁན་བརྒྱ་ཆ་36གིས་མིག་སྔར་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་འཕྲལ་དུ་མཚམས་འཇོག་བྱས་ཏེ། མུ་མཐུད་ཡོ་རོབ་མནའ་འབྲེལ་ནང་སྡོད་རྒྱུའི་ངོས་འཛིན་བྱས་པ་དང་། མང་ཚོགས་བརྒྱ་ཆ་24སྲིད་གཞུང་གི་མིག་སྔའི་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་ཐབས་ཇུས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་བསྟན་ཡོད་པ་རེད།

དེ་མིན། དབྱིན་ཇིའི་མང་ཚོགས་མང་པོས་དབྱིན་ཇི་ཡོ་རོབ་མནའ་འབྲེལ་ནས་དོན་རྒྱུའི་དབྱེ་འབྱེད་གྲོས་མོལ་ཐོག ་བྱ་དཀའ་བྱེད་གཏད་དུ་འགྱུར་བའི་གནད་དོན་སྔར་བས་མང་བ་ཐོན་པ་མ་ཟད་སྤྱིའི་དངོས་ཡོད་སྟོབས་ཤུགས་དང་བསྡུར་ཚེ། དབྱིན་ཇི་དང་ཡོ་རོབ་མནའ་འབྲེལ་གཉིས་བར་བསྡུར་གཞི་མེད།

མིག་སྔར། ཡོ་རོབ་མནའ་འབྲེལ་ལ་དམིགས་པའི་དབྱིན་ཇིའི་ཉོ་ཚོང་གིས་དབྱིན་ཇིའི་ཕྱི་ཕྱོགས་ཉོ་ཚོང་སྤྱི་འབོར་གྱི་བརྒྱ་ཆ་50ཡས་མས་ཟིན་གྱི་ཡོད་པ་དང་། དེ་དང་བསྡུར་ཚེ། ཡོ་རོབ་མནའ་འབྲེལ་གྱི་བརྒྱ་ཆ་7གྱི་ཚོང་ཟོག་དབྱིན་ཇིར་ཕྱིར་འཚོང་བྱེད་ཀྱི་ཡོད། ཚིག་གཞན་ཞིག་གི་ཐོག་ནས་བཤད་ན། མ་གཞི་འགྲོ་ལམ་ཐ་དད་བྱས་ཚེ་ཕྱོགས་གཉིས་ཀར་གནོད་འཚེ་བཟོ་ཡི་ཡོད། ཡིན་ནའང་དབྱིན་ཇིར་ཡོ་རོབ་མནའ་འབྲེལ་གྱི་ཁྲོམ་ར་ཆེན་པོ་དང་དེ་བཞིན་ཆབ་སྲིད་ཐད་བརྟེན་ཆོག་པའི་ཕྱི་འབྲེལ་སྟེགས་བུ་གལ་ཆེན་དེ་མེད་ཚེ། གྱོན་གུན་ཆེན་པོ་ཕོག་རྒྱུ་ནི་སྨོས་མེད་ཞིག་རེད། གནས་ཚུལ་དེ་འདྲའི་འོག ཡོ་རོབ་མནའ་འབྲེལ་དང་འགྲན་རྩོད་བྱེད་པའི་ཁྲོད། དབྱིན་ཇིས་བྱ་ཐབས་གང་ཞིག་བཏོན་ཚེ། རང་ཉིད་ལ་ཁེ་ཕན་མང་ཤོས་ཐོབ་པའི་དམིགས་འབེན་སྒྲུབ་རྒྱུ་དེ་དབྱིན་ཇི་སྲིད་གཞུང་གི་ངོས་ནས་བཤད་ན་ཚོད་བགམ་ངེས་ཅན་ཞིག་འཕྲད་རྒྱུ་ཡིན་པ་རེད།

ཡིག་སྒྱུར། མཚམས་གཅོད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།