ཕ་ལི་སི་ཐན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་ཞི་གྲོས་ནི་ཕ་ལི་སི་ཐན་དང་དབྱི་སི་རན་ཞི་མཐུན་ཡོང་བའི་ལམ་བུ་ཉག་ཅིག་ཡིན་པ་བསྐྱར་བཤད་བྱས་པ།
སྤེལ་བའི་དུས་ཚོད། : 2017-07-17 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཕ་ལི་སི་ཐན་ཀྱི་ཕྱེ་འབྲེལ་པུའུ་ཀྲང་མ་ལི་ཅིས་སྤྱི་ཚེས་༡༦ཉིན་ཅོར་ཏན་ཆུ་བོའི་ནུབ་འགྲམ་གྲོང་ཁྱེར་ལྷ་མོ་ཨན་ལར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་ནི་ཕ་ལི་སི་ཐན་དང་དབྱི་སི་རན་གྱི་ཞི་བའི་གྲོས་མོལ་སླར་གསོ་ཡོང་བའི་རྨང་གཞི་རེད། འོན་ཀྱང་ཞི་བའི་གྲོས་མོལ་ནི་ཕྱོགས་གཉིས་པོའི་བར་ཞི་བའི་གན་རྒྱ་འཇོག་པའི་ལམ་བུ་ཉག་ཅིག་དེ་ཡིན་པའི་སྐོར་བསྐྱར་བཤད་བྱས་པ་རེད།

མ་ལི་ཅིས། ཕ་ལི་སི་ཐན་གྱིས་ཞི་བའི་གྲོས་མོལ་སླར་གསོ་བྱེད་རྒྱུའི་ཐད་ཀྱི་ལངས་ཕྱོགས་ནི་སྔར་བཞིན་འགྱུར་བ་མེད། དེ་ཡང་དབྱི་སི་རན་གྱིས་ཡོའུ་ཐད་པའི་གནས་སྡོད་ས་ཚིགས་འཛུགས་སྐྲུན་མཚམས་འཇོག་བྱེད་དགོས་པ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་བརྩི་སྲུང་ཞུ་དགོས་པ་དེ་ཡིན་ཞེས་གསུངས་པ་དང་། ཁོང་གིས་དུས་མཚུངས་སུ་ཨ་རིས་ཇི་ལྟར་བྱས་ནས་ཕ་ལི་སི་ཐན་དང་དབྱི་སི་རན་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་སྐུལ་འདེད་གཏོང་བར་སྔར་བས་ཁ་གསལ་གྱི་ལྟ་ཚུལ་འདོན་དགོས་པར་རེ་བ་བཏོན་གནང་བ་རེད།

མ་ལི་ཅིས། ཕ་ལི་སི་ཐན་དང་དབྱི་སི་རན་གྱིས་ཉེ་འཆར་བཞག་པའི་འབྲེལ་ཡོད་གློག་ནུས་དང་ཚྭ་མེད་ཆུ་མཁོ་སྤྲོད་བྱེད་པའི་གན་རྒྱ་དང་ཞི་བའི་གྲོས་མོལ་སླར་གསོའི་བར་འབྲེལ་བ་མེད་པ་དང་། ཕ་ལི་སི་ཐན་ཕྱོགས་ཀྱིས་དཔལ་འབྱོར་གནད་དོན་དང་ཞི་བའི་འཕེལ་རིམ་འབྲེལ་བ་བྱེད་པར་ངོ་རྒོལ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བློ་བཟང་རྒྱ་མཚོ།