བྱེ་ཐང་ཆེན་མོར་མྱུར་བགྲོད་གཞུང་ལམ་བསྐྲུན་པ་སྟེ། འཛམ་གླིང་ཐོག་བྱེ་ཐང་བརྒལ་བའི་མྱུར་བགྲོད་གཞུང་ལམ་རིང་ཤོས་འཛུགས་སྐྲུན་བྱེད་བཞིན་ཡོད་པ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བྱེ་ཐང་གི་བྱེ་ཕུང་སེར་པོས་ལི་ཡུལ་གྱི་གནའ་ལམ་མང་པོ་ཞིག་བསྣུབས་པ་དང་། ད་ཆ་བྱེ་ཐང་དེའི་སྟེང་མྱུར་བགྲོད་གཞུང་ལམ་ཞིག་བསྐྲུན་བཞིན་ཡོད། དེ་ནི་ཨུ་ལན་པུ་ཧོ་དང་། ཐེང་གེ་ལི། པ་ཏན་ཅི་ལིན་བཅས་བྱེ་ཐང་ཆེན་པོ་གསུམ་བརྒྱུད་པའི་འཛམ་གླིང་ཐོག་གི་བྱེ་ཐང་བརྒལ་བའི་མྱུར་བགྲོད་གཞུང་ལམ་རིང་ཤོས་ཤིག་ལ་འགྱུར་བཞིན་ཡོད་པ་དེ་ནི་པེ་ཅིང་ནས་ཨུ་ལུམ་ཆི་བར་གྱི་མྱུར་བགྲོད་གཞུང་ལམ་ཡིན། པེ་ཅིན་ནས་ཨུ་ལུམ་ཆི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་༢༥༤༠ཡོད། དེ་འཛུགས་སྐྲུན་ཟིན་རྗེས་པེ་ཅིང་ནས་ཤིན་ཅང་བར་གྱི་ལམ་ཐག་སྤྱི་ལེ་༡༣༠༠ཐུང་དུ་འགྲོ་གི་ཡོད་པ་དང་། བྱེ་ཐང་ཆེན་པོ་བརྒལ་བའི་གཞུང་ལམ་ཤར་གཏོང་ཐུབ་པ་དེས་ཤིན་ཅང་ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པའི་ཕུགས་འདུན་མངོན་འགྱུར་ཡོང་རྒྱུ་ཡིན་པ་རེད།

ལོ་ངོ་བརྒྱའི་གོང་། སུན་ཀྲུན་ཧྲན་གྱིས་ཤར་པའེ་ཕིང་ནས་ཨ་ལ་ཧྲན་བརྒྱུད་ནུབ་ད་ལྟའི་ཨུ་ལུམ་ཆི་བར་ཤིན་ཅང་ལ་བསྐྱོད་སའི་བགྲོད་ལམ་ཆེན་པོ་གཉིས་པ་འཛུགས་སྐྲུན་བྱ་རྒྱུའི་འཆར་འགོད་བཏོན་གནང་མྱོང་། ཕུགས་འདུན་དེ་ལོ་བརྒྱ་ལྷག་ཙམ་སོང་རྗེས་ཀྱི་དེ་རིང་དོན་དངོས་ལ་འགྱུར་བཞིན་ཡོད། སྔོན་དཔག་བྱས་ན་སྤྱི་ལོ་༢༠༡༩ལོའི་ལོ་མཇུག་བར། རྒྱལ་ཁབ་མྱུར་བགྲོད་གཞུང་ལམ་དྲ་བའི་འཆར་འགོད་ཀྱི་རྒྱལ་ས་ནས་འགོ་བཙུགས་པའི་མྱུར་བགྲོད་གཞུང་ལམ་དྲུག་པ་སྟེ་པེ་ཅིང་ནས་ཤིན་ཅང་བར་གྱི་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད། པེ་ཅིང་ནས་ཤིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་ཁྲོད་བྱེ་ཐང་བརྒལ་རིང་ཤོས་ཀྱི་ལམ་དུམ་བུ་སྟེ། སྤྱིའི་ལམ་ཐག་སྤྱི་ལེ་༩༣༠ཟིན་པའི་ནང་སོག་ལིང་ཧོ་ནས་པའེ་ཀ་ཏ་བར་གྱི་དུམ་བུ་སྤྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་འཛུགས་སྐྲུན་ཟིན་ནས་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་ཡིན་པ་རེད།

དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་དང་བྷང་ག་ལ་དང་། ཀྲུང་གོ རྒྱ་གར། འབར་མ། ཀྲུང་གོ་དང་པ་ཀི་སི་ཐན་བཅས་ཀྱི་དཔལ་འབྱོར་བར་འཁྱམས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་བགྲོད་ལམ་བསྐྲུན་པའི་བསམ་ཚོད་གཞིར་བཟུང་། དར་གོས་ལམ་བུའི་དཔལ་འབྱོར་རྒྱུད་ཀྱི་བར་དཀྱིལ་དུམ་བུའི་བགྲོད་ལམ་སྟེ། བྱང་གི་བགྲོད་ལམ་དང་། དཀྱིལ་གྱི་བགྲོད་ལམ། ལྷོའི་བགྲོད་ལམ་བཅས་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་གསུམ་དང་རྒྱལ་ཁབ་ཀྱི་ལྕགས་ལམ་ཨ་མ་དང་མཉམ་བགྲོད་ངང་བསྐྲུན་ཡོད། དེའི་ཁྲོད། བྱང་གི་བགྲོད་ལམ་ནི་པེ་ཅིང་ནས་ཤིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་དང་པེ་ཅིང་ནས་ཨུ་ལུམ་ཆི་བར་གྱི་ལྕགས་ལམ་ལས་གྲུབ་ཡོད།

པེ་ཅིང་ནས་ཨུ་ལུམ་ཆི་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཨ་ལ་ཧྲན་མོང་དུམ་མཚམས་ཀྱི་འཛུགས་སྐྲུན་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་ཏུའུ་ཙེ་དབྱི་ཡིས། གཞུང་ལམ་དེ་ཤར་གཏོང་ཐུབ་པའི་རྗེས་རང་རྒྱལ་གྱི་བྱང་རྒྱུད་ནས་ཤིན་ཅང་དུ་བསྐྱོད་སའི་ཆེས་མགྱོགས་ཤོས་དང་སྟབས་བདེ་ཤོས་ཀྱི་བགྲོད་ལམ་ཆེན་མོར་འགྱུར་རྒྱུ་དང་། ཤིན་ཅང་ཧོ་གོ་སི་འགག་སྒོ་ནས་ཐན་ཅིན་སྒང་བར་གྱི་བྱང་རྒྱུད་མཚོ་འགྲམ་གྱི་མྱུར་ལ་སྟབས་བདེ་ཤོས་ཀྱི་རྒྱ་མཚོ་གྲོལ་བའི་བགྲོད་ལམ་ལ་འགྱུར་རྒྱུ། ཐན་ཅིན་སྒང་ནས་ཧོ་ལན་ལུ་ཐེ་ཏན་སྒང་བར་གྱི་མྱུར་ལ་སྟབས་བདེ་ཤོས་ཀྱི་ཨེ་ཤེ་ཡ་དང་ཡོ་རོབ་སྐམ་ས་ཆེན་མོའི་ཟམ་པ་ལྟ་བུར་འགྱུར་རྒྱུ་ཡིན་པ་དེས་ནང་སོག་དེ་ཉིད་རྒྱུད་གཅིག་ལམ་གཅིག་ནང་མཉམ་འདྲེས་ཐུབ་པ་དང་། བྱང་ཕྱོགས་སྒོ་དབྱེའི་འཐབ་ཇུས་ལག་བསྟར་མགྱོགས་སུ་ཕྱིན་ནས་ནང་སོག་གི་དཔལ་འབྱོར་གོང་འཕེལ་མགྱོགས་པོ་འགྲོ་བར་སྐུལ་ཁྲིད་ཐུབ་རྒྱུར་དེ་དང་འདྲ་བའི་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་ལྕགས་ལམ་ཅུད་པེ་ཅིང་ནས་ཤིན་ཅང་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་རྣམ་གྲངས་ལྔ་པའི་སྤྱི་གཉེར་ཤས་བིང་ཅུན་གྱི་སྐུ་ཟླ་ཧུའུ་ཆིན་གྱིས། བུ་ཕྲུག་གི་སེམས་ནང་རང་ཉིད་ཀྱི་པྰ་ལགས་ལ་ཁྱིམ་གཉིས་ཡོད་པ་སྟེ། གཅིག་ནི་བུ་ཕྲུག་རང་ཉིད་དང་ཨ་མས་ཕྱིར་ལོག་བྱ་རྒྱུར་རེ་སྒུག་བྱེད་སའི་ཁྱིམ་དེ་དང་། གཅིག་ཤོས་དེ་ནི་ལས་གྲྭའི་སྟེང་ཡིན་ཞེས་གསུངས་པ་རེད།

ཤས་བིང་ཅུན་གྱིས། ཁྱིམ་གྱི་སྐོར་གླེང་ན་ང་རང་གནོང་འགྱོད་ཆེན་པོ་འདུག འོན་ཀྱང་ང་ཚོ་གཞུང་ལམ་འཛུགས་སྐྲུན་པ་ཞིག་ཡིན་པས་སྤོབས་སེམས་ཆེན་པོ་སྐྱེ་བཞིན་འདུག་ཅེས་དང་། ཕྱིན་ཆད་བུ་ཕྲུག་འཚར་ལོངས་བྱུང་རྗེས་སྤོབས་སེམས་ཆེན་པོས་མི་གཞན་ལ་པེ་ཅིང་ནས་ཤིན་ཅང་བར་གྱི་གཞུང་ལམ་དེ་ངའི་པྰ་ལགས་ཁོང་རྣམ་པས་བསྐྲུན་པ་ཞིག་རེད་ཅེས་བརྗོད་ཆོག་ཅེས་གསུངས་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།མིག་དམར་རྒྱ་མཚོ།