མཚོ་འགག་གླེང་སྟེགས་སྐབས་དགུ་པ་ཤཱ་མོན་དུ་གཉེར་བ་དང་ཡུས་ཀྲེང་ཧྲེང་གིས་གླེང་སྟེགས་ལ་ཞུགས་པ་མ་ཟད་ཤེས་ཚིག་གནང་བ།
སྤེལ་བའི་དུས་ཚོད། : 2017-06-19 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། མཚོ་འགག་གླེང་སྟེགས་སྐབས་དགུ་པ་སྤྱི་ཚེས་༡༨ཉིན་ཤཱ་མོན་དུ་གཟབ་རྒྱས་ངང་སྐོང་འཚོགས་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད་ཤེས་ཚིག་གསུངས་གནང་ཡོད་པ་རེད།

ཡུས་ཀྲེང་ཧྲེང་གིས་ཤེས་ཚིག་གསུངས་གནང་བའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། མཚོ་འགག་གླེང་སྟེགས་སྐབས་དགུ་པ་གཉེར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་དང་ལྷག་པར་དུ་ཐའེ་ཝན་གྱི་སྤུན་ཟླ་རྣམས་ལ་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན་གནང་ཡོད་པ་དང་།

ཡུས་ཀྲེང་ཧྲེང་གིས། ན་ནིང་ཚུན་དུ། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བ་ཞི་བའི་གོང་འཕེལ་འགྲོ་རྒྱུར་མ་གཞི་ཕོག་ཐུག་ཚབས་ཆེན་ཕོག་པ་དང་། ཉེན་ཁ་དང་འགྲན་རྩོད་གསར་པ་ཐུག་ཡོད། འོན་ཀྱང་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་གནས་ཡོད། ང་ཚོས་མཚོ་འགག་གཡས་གཡོན་གཉིས་ཀྱི་དམངས་ཁྲོད་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མཉམ་འདྲེས་གོང་འཕེལ་འགྲོ་རྒྱུ་གཏིང་ཟབ་ཏུ་གཏོང་བ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཕན་བདེ་སྐྲུན་པ་བཅས་ཀྱི་ཆོད་སེམས་དང་རྣམ་འགྱུར་ལ་འགྱུར་བ་ཕྱིན་མེད། ང་ཚོས་སྔ་རྗེས་སུ་སྲིད་ཇུས་བྱ་ཐབས་༢༠ལྷག་བཏོན་ནས། ཐའེ་ཝན་སྤུན་ཟླས་སྐམ་ས་ཆེན་མོར་སློབ་སྦྱོང་དང་། འཚོ་བ། ལས་དོན་བཅས་སྒྲུབ་པར་ཆ་རྐྱེན་དེ་བས་ལེགས་པ་སྐྲུན་ཡོད་ཅེས་བསྟན་གནང་ཡོད།
ཡུས་ཀྲེང་ཧྲེང་གིས་དམངས་ཁྲོད་ཀྱི་སྤེལ་རེས་རྒྱ་ཆེར་གཏོང་བ་དང་། མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བའི་གླེང་སྟེགས་ཀྱི་བརྗོད་བྱ་གཙོ་བོར་གཞིགས་ནས་དགོངས་འཆར་ཁག་ལྔ་བཏོན་གནང་ཡོད་པ་སྟེ། དང་པོ། མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བར མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ཡིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། ཀྲུང་ཧྭ་མི་རིགས་ཧྲིལ་པོའི་ཁེ་ཕན་ལ་ཐུན་མོང་ཐོག་སྲུང་སྐྱོབ་བྱ་དགོས། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་མཚོ་འགག་གཡས་གཡོན་གཉིས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་དེ་འགོ་འཛུགས་སར་བྱས་ཏེ། སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་རྒྱུས་མངའ་ཆེ་རུ་གཏོང་བ། ཕྱོགས་འགལ་རིམ་བཞིན་སེལ་བ། མཉམ་འདྲེས་གོང་འཕེལ་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མདུན་ལྗོངས་ཡག་པོ་ཐུན་མོང་ཐོག་གཏོད་དགོས། གཉིས་ནས་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བར། མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་ཐུན་མོང་ཁེ་ཕན་ཆེ་རུ་གཏོང་དགོས། ང་ཚོས་སྔོན་ལ་རྒྱ་ཆེའི་ཐའེ་ཝན་སྤུན་ཟླར་སྐམ་ས་ཆེན་མོའི་གོང་འཕེལ་གྱི་གོ་སྐབས་མཉམ་སྤྱོད་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་དཔལ་འབྱོར་མཉམ་ལས་ཀྱི་སྤྱི་ཚོགས་ཕན་འབྲས་རྒྱ་ཆེར་གཏོང་ཐབས་བྱེད་པ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླར་ཕན་པ་ཐོབ་ཚད་དང་ཐོབ་ཚོར་ཆེ་རུ་གཏོང་བ་བཅས་བྱ་འདོད་ཡོད། གསུམ་ནས། མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བར། ཀྲུང་ཧྭ་ཡི་རིག་གནས་ཐུན་མོང་ཐོག་དར་སྤེལ་གཏོང་དགོས་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་སླའི་བསམ་པའི་འབྲེལ་ཐག་དམ་དུ་གཏོང་དགོས། བཞི་ནས། མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བར། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་གསར་སྐྲུན་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཉམ་འདྲེས་གོང་འཕེལ་གཏོང་བའི་སྒུལ་ཤུགས་སྔ་བས་ཆེ་རུ་གཏོང་བ་བཅས་བྱས་ཏེ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླ་དེ་བས་མང་བས་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤེལ་རེས་ནང་ཞུགས་རྒྱུའི་རེ་བ་ཡོད། ལྔ་ནས། མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བ་སྟེ། མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་འཕྱར་བ་གྲུ་འདེགས་ཐོག་ནས་དཀའ་ངལ་ཁྱད་བསད་དང་། འགོག་རྐྱེན་སེལ་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཡུས་ཀྲེང་ཧྲེང་གིས། ཀྲུང་གོ་གཅིག་གི་རྩ་དོན་མངོན་པའི་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་ཀྱི་ཆབ་སྲིད་རྨང་གཞི་རྒྱུན་འཁྱོངས་བྱེད་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་འབྲེལ་བའི་ཞི་བདེའི་གོང་འཕེལ་ལ་སྲུང་སྐྱོབ་བྱེད་པ་ནི། མཚོ་འགག་གཡས་གཡོན་གཉིས་ཀྱི་མཉམ་འདྲེས་གོང་འཕེལ་གཏིང་ཟབ་ཏུ་གཏོང་བའི་དགོས་ངེས་ཀྱི་བླང་བྱ་ཡིན། ཐའེ་ཝན་རང་བཙན་ནི་ཐའེ་ཝན་མཚོ་འགག་གི་ཞི་བདེ་བརྟན་བརླིང་དང་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླའི་རྩ་བའི་ཁེ་ཕན་ལ་གནོད་འཚེ་བཟོ་མཁན་ཆེ་ཤོས་དང་ཆག་སྒོའི་རྒྱུ་ཡིན། རྣམ་པ་གང་འདྲ་ཞིག་གི་རྒྱལ་ཁབ་ཁ་བྲལ་གཏོང་བ་དང་། མི་རིགས་ཀྱི་རྩ་བའི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ལ་མཚོ་འགག་གཡས་གཡོན་གཉིས་ཀྱི་སྤུན་ཟླས་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། མཚོ་འགག་གཡས་གཡོན་གཉིས་ཀྱི་ཐུན་མོང་ཁྱིམ་གཞིས་ལ་སྲུང་སྐྱོབ་ཡག་པོ་བྱ་དགོས་ཞེས་བསྟན་གནང་ཡོད་པ་རེད།

ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་ཧུང་ཤིའུ་ཀྲུའུ་སོགས་ཀྱིས་གཏམ་བཤད་ནང་། ཀྲུང་གོ་བ་གཅིག་ཡིན་པའི་ངོས་ནས། ཀྲུང་ཧྭ་རིག་གནས་ནི་ང་ཚོའི་རྩ་བ་ཡིན་པ་དང་། མཚོ་འགག་གཡས་གཡོན་གཉིས་ཀྱི་ཞི་བདེ་དང་མཉམ་ལས་ནི་ད་ལྟའི་དུས་མཚམས་སུ་འཚོལ་དགོས་ངེས་ཀྱི་དམིགས་འབེན་ཡིན། ཉེ་རབས་ཀྲུང་གོའི་དཀའ་སྡུག་དང་དེ་བཞིན་ཀྲུང་ཧྭ་བསྐྱར་དར་ཡོང་བའི་ཕུགས་བསམ་བརྗེད་མི་སྲིད། ཀྲུང་ཧྭ་མི་རིགས་བསྐལ་བརྒྱའི་བར་དུ་འགྱིང་ངེར་གནས་པ་ཤོག་ཅེས་བསྟན་གནང་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཡིག་སྒྱུར།བསྟན་འཛིན་འཇམ་དཔལ།