ཐུར་ཁེའི་འདེམ་བསྐོ་ལས་ཁུངས་ཀྱིས་སྤྱིའི་ཐོག་ནས་འཕེན་ཤོག་འཕངས་པ་རྩིས་མེད་ཡིན་པའི་རེ་ཞུ་ཕྱིར་སློག་བྱས་པ་དང་། ས་ཆ་མང་པོར་འགོག་རྒོལ་བྱེད་སྒོ་བྱུང་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཐུར་ཁེའི་ཆེས་མཐོའི་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྱི་ཚེས་19 ཉིན་གསལ་བསྒྲགས་ཤིག་སྤེལ་ནས། སྲིད་ཏང་དང་འདེམས་དམངས་ཁག་ཅིག་གི་རྩ་ཁྲིམས་བཟོ་བཅོས་རྒྱག་པར་སྤྱིའི་ཐོག་ནས་འཕེན་ཤོག་འཕངས་པའི་འབྲས་བུ་རྩིས་མེད་ཡིན་པ་ཁྲུན་ཐག་གཅོད་དགོས་པའི་སྐོར་གྱི་རེ་ཞུ་དེ་ཕྱིར་སློག་བྱས་ཡོད་པ་རེད།

རེ་ཞུ་དེ་འདོན་མཁན་གྱི་སྲིད་ཏང་ནི་ངོ་རྒོལ་ཏང་ཆེ་ཤོས་ཡིན་པའི་སྤྱི་མཐུན་མི་དམངས་ཏང་དང་། མི་དམངས་དམངས་གཙོའི་ཏང་། རྒྱལ་གཅེས་ཏང་བཅས་ཡིན།

རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་སྤྱིའི་ཐོག་ནས་འཕེན་ཤོག་འཕངས་པའི་ཐོག་མའི་འབྲས་བུ་ཁྱབ་བསྒྲགས་བྱས་པ་ནས་བཟུང་། དབྱི་སི་ཐན་པུར་དང་། ཨན་ཁ་ལ། དབྱི་ཙི་མེར་བཅས་གྲོང་ཁྱེར་ཆེ་གྲས་གསུམ་ཚུད་པའི་གྲོང་ཁྱེར་ཉུང་མཐའ་ཡང་20ལྷག་ལ་བསྟུད་མར་འགོག་རྒོལ་བྱེད་པའི་རྔམ་སྟོན་བྱེད་སྒོ་བྱུང་ཡོད། ཐུར་ཁེའི་སྨྱན་སྦྱོར་ཁག་གིས་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཉིན་རེར་མི་སྟོང་ཕྲག་ཁ་ཤས་ཀྱིས་སྤྱིའི་ཐོག་ནས་འཕེན་ཤོག་འཕངས་པ་རྩིས་མེད་བྱེད་དགོས་པའི་བླང་བྱ་འདོན་བཞིན་ཡོད།

དབྱི་སི་ཐམ་པུར་གྲོང་ཁྱེར་ལྟེ་གནས་ཀྱི་པེ་ཤེ་ཁེ་ཐ་ཧྲེ་ས་ཁུལ་དུ་འདེམ་དམངས་བརྒྱ་ཆའི་80བརྒལ་བས་འཕེན་ཤོག་འཕངས་ནས་རྩ་ཁྲིམས་ལ་བཟོ་བཅོས་རྒྱག་རྒྱུར་ངོ་རྒོལ་བྱས་ཡོད་པ་དང་། ས་ཁུལ་དེ་ནི་རྔམ་སྟོན་བྱེད་མཁན་རྣམས་འདུ་འཛོམས་བྱེད་ཡུལ་ཞིག་ཏུའང་གྱུར་ཡོད། འདས་ཟིན་པའི་ཉིན་གསུམ་རིང་། ཉིན་རེའི་དགོང་མོར་མི་སྟོང་ཕྲག་འགའ་སྲང་ལམ་དུ་འདུས་ནས་ཁྲོམ་སྐོར་བྱེད་ཀྱི་ཡོད།

ཐུར་ཁེའི་རང་དབང་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་19ཉིན། ཉེན་རྟོག་ཕྱོགས་ཀྱིས་དབྱི་སི་ཐན་པུར་གྲོང་ཁྱེར་དུ་ཉུང་མཐར་ཡང་མི་38འཛིན་བཟུང་བྱས་ཡོད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། བདེ་ལྷ་མོ།