ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོ་ཆེན་མོ་སྐྱོན་མཚང་སྣ་ཚོགས་འདོན་རེས་བྱེད་པའི་ཁྲོད་དུ་སླེབས་ལ་ཉེ་བ།
སྤེལ་བའི་དུས་ཚོད། : 2017-04-20 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཧྥ་རན་སིའི་ཙུང་ཐུང་འདེམས་བསྐོ་ཆེན་མོའི་འདེམས་ཤོག་འཕེན་པའི་དུས་ཚོད་སླེབས་པར་ད་དུང་གཟའ་འཁོར་གཅིག་མ་ཟིན་ཙམ་གྱི་དུས་ཚོད་ལས་མེད། ཤོག་ཁག་ཁག་གི་འོས་འདེམས་མི་སྣའི་བར་གྱི་འགྲན་སློང་དེ་ཡང་རིམ་བཞིན་ཛ་དྲག་ཏུ་འགྲོ་བ་དང་། ཡང་སྒོས་སུ་ཐབས་ཟད་འུ་ཐུག་གི་གནས་སུ་གྱར་ཉེན་ཡོད་པ་རེད།

ཕྱོགས་གཅིག་ནས། ཙུང་ཐུང་གི་འོས་འདེམས་མི་སྣ་ཁག་གིས་ཡོངས་བསྒྲགས་གཏམ་བཤད་སྤེལ་བའི་ནང་རང་ཉིད་ཀྱི་རྒྱལ་སྐྱོང་འཐབ་ཇུས་དེ་འདེམས་མིའི་ཁྲོད་དུ་མངོན་གང་ཐུབ་བྱེད་པ་དང་། དཔལ་འབྱོར་སྲིད་ཇུས་ཡིན་ནའང་འདྲ། ཕྱི་འབྲེལ་སྲིད་ཇུས་ཡིན་ནའང་འདྲ། ཡང་ན་ཕན་བདེའི་སྲིད་ཇུས་སྐོར་ལ་སོགས་གང་ཅིའི་ཐད་ཁོང་ཚོས་གདམ་གསེས་རང་བཞིན་སྒོ་ནས་རང་ཉིད་ཀྱི་བཟང་ཆའི་གྲངས་གཞིའི་ཡིད་དབང་འགུག་ཤུགས་གང་ལེགས་དང་གང་བཟང་ཕྱོགས་སུ་གླེང་ཞིང་། ཁོང་ཚོ་ཚང་མས་རང་ཉིད་གདམ་པར་ཕན་ཐོགས་ཡོད་པའི་ཐབས་དང་ཇུས་སྣ་ཚོགས་འདོན་སྤེལ་གང་ལེགས་བྱེད་བཞིན་ཡོད་པ་རེད།

ཕྱོགས་གཞན་ཞིག་གི་ཐད། ཙུང་ཐུང་གི་འོས་འདེམས་མི་སྣ་རྣམས་ཀྱིས་ཕན་ཚུན་བར་སྐྱོན་འདོན་རེས་བྱ་རྒྱུ་དེ་འདེམས་བསྐོ་སྲོག་ཤིང་ལྟ་བུ་ཞིག་ཡིན། ཁོང་ཚོས་འཐབ་དང་ཇུས་སྣ་ཚོགས་ཐོག་ནས། འགྲན་ཡའི་ཞན་ཆ་འཚོལ་གང་ཐུབ་བྱེད་པ་དང་། འགྲན་རྩོད་ཉིན་རེ་བཞིན་ཛ་དྲག་ཏུ་འགྲོ་བཞིན་ཟང་ཟིང་གི་རྣམ་པས་ཁེངས་ཡོད། རང་ཚུགས་ཏང་ཤོག་གི་མདུན་སྐྱོད་ཏང་གི་མཱ་ཁེ་ལུང་ཡིན་ནའང་འདྲ། ཆེས་གཡས་ཐལ་རྒྱལ་དམངས་འཐབ་ཕྱོགས་ཀྱི་སླ་ཕེང་ཡིན་ནའང་འདྲ། ཡང་ན་གཡོན་ཐལ་དབུས་མའི་སྤྱི་མཐུན་ཏང་གི་ཧྥེའེ་ཡུང་ཡིན་ནའང་འདྲ། འདེམས་བསྐོ་ཆེན་མོ་སླེབས་ལ་ཉེ་བའི་མཚམས་འདིར། དེ་སྔ་བཀྲག་མདངས་ཆེ་ཞིང་ཡིད་དབང་འཕྲོག་ཤུགས་ཀྱིས་ཁེངས་པའི་ཁོང་ཚོ་ཚང་མ་དོན་རྐྱེན་སྣ་ཚོགས་ཀྱི་འདམ་རྫབ་ཁྲོད་དུ་ལུས་ཤིང་། ཁོང་ཚོ་ཚང་མ་གོམ་པ་གང་སྤོ་དཀའ་བའི་གནས་སུ་གྱར་བས། ད་རེས་ཀྱི་འདེམས་བསྐོ་ཆེན་མོ་ནི་ཧྥ་རན་སིའི་ལོ་བཅུ་གྲངས་ཁ་ཤས་ཚུན་གྱི་འདེམས་བསྐོའི་ཁྲོད་སྔོན་དཔག་བྱེད་ཁག་ཤོས་ཀྱི་འདེམས་བསྐོ་ཆེན་མོ་ཞིག་ཡིན་པ་རེད།

ནུབ་ཕྱོགས་ཀྱི་འདེམས་བསྐོའི་ལམ་ལུགས་ཀྱི་སྒྲོམ་གཞིའི་འོག འདེམས་བསྐོའི་ཁྲོད་མི་རྣམས་ཀྱིས་དོ་སྣང་ཆེ་ཤོས་བྱེད་ས་ནི་ཁོང་ཚོའི་ཞན་ཆ་འདོན་རེས་བྱེད་པ་ལས་མ་འདས། བྱ་བ་ངན་པ་གྱར་སླ་བས་འདེམས་དམངས་སྣང་བ་མེད་པའི་ཁྲོད་འདེམས་ཤོག་འཕེན་པའི་ཁྲོད་དུ་ཕྱོགས་ཞེན་དང་འཕྲུལ་སྣང་བྱུང་ནས་འགོག་རྐྱེན་ཆེན་པོ་ཐེབས་པ་དང་། འདེམས་བསྐོའི་མཇུག་འབྲས་ཀྱང་ཚོད་འཛིན་བྱེད་སླ་བར་འགྱུར་བཞིན་ཡོད། སྲིད་ཏང་བར་གྱི་འགྲན་རྩོད་ངན་པ་དང་ལྡོག་ཕྱོགས་ཀྱི་འགྲན་འདེམས་དེ་ནི་ལྡོག་ཐབས་མེད་པ་ཞིག་ཡིན་པས། ཉེ་བའི་ལོ་ཤས་ནང་དྲ་འབྲེལ་དྲ་བའི་བརྒྱུད་གཏོང་རྐྱེན་པས། འདེམས་བསྐོའི་ཁྲོད་ཀྱི་ཤུགས་རྐྱེན་ཞན་པ་རྣམས་སྔར་བས་ཇེ་ཆེར་འགྲོ་བཞིན་ཡོད།

ལོ་ལྔའི་གོང་དུ་སྤྱི་མཐུན་ཏང་གི་ཙུང་ཐུང་གོ་གནས་ཤོར་བས་ད་རེས་ངེས་པར་དུ་ཐོབ་ཐབས་བྱེད་བཞིན་ཡོད། ཏང་དེའི་འོས་འདེམས་མི་སྣ། ཙུང་ལི་ཟུར་པ་ཧྥེའེ་ཡུང་དེ་ཉིད་སྐབས་ཤིག་རིང་སླེའེ་ཕེང་དང་མཐའ་མའི་འདེམས་བསྐོའི་ཁྲོད་དུ་རྒྱལ་ཕམ་ཐག་གཅོད་བྱ་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད། འོན་ཀྱང་ཁོང་ལ་ཙུང་ཐུང་གི་གདན་ཐོབ་ཐོབ་པ་བྱེད་པའི་ལམ་བུའི་ཐོག་ལས་ཀ་མེད་པར་གླ་ཕོགས་ལེན་པའི་དོན་རྐྱེན་རྐྱེན་པས་ འགོག་རྐྱེན་འཕྲད་ཡོད། ད་ལོའི་སྤྱི་ཟླ་༡པོའི་ཟླ་མཇུག་ཏུ། སྨྱན་སྦྱོར་ཕྱོགས་ནས་ཧྥེའེ་ཡུང་གིས་རང་གི་ཆུང་མ་དང་། བུ་ཕྲུག་རྣམས་ལས་རོགས་ཀྱི་མིང་ཐོག་ནས་གླ་ཆ་རྫུན་མ་ལེན་ཏུ་བཅུག་པའི་དོགས་པ་ཡོད་པ་རེད། དེར་བརྟེན་ཁོང་ལ་ཉེས་དོན་མྱུལ་ཞིབ་བྱ་རྒྱུ་ཡིན་པའི་གནས་ཚུལ་འཕྲད་པས། གླེང་ཕྱོགས་ཀྱིས་ལབ་གླེང་མང་པོ་བྱེད་པ་དང་། ཧྥེའེ་ཡུང་གི་གཟུགས་བརྙན་ལའང་ཤུགས་རྐྱེན་ཆེན་པོ་ཐེབས་ནས། རྒྱབ་སྐྱོར་བྱེད་མཁན་ཤུགས་ཆེར་ཆག་པ་དང་། ཁོང་ཡོད་པའི་སྤྱི་མཐུན་ཏང་ནང་ཁུལ་དུའང་འཕྲལ་མར་འོས་འདེམས་མི་སྣ་བརྗེ་རེས་བྱ་རྒྱུའི་འབོད་སྒྲས་ཁེངས་ཡོད། ཧྥེའེ་ཡུང་གིས་ཉེ་དུས་ཙུང་ཐུང་ཨའོ་ལེང་དེ་ནི་ཁོང་གི་ནོར་སྲིད་ཆ་འཕྲིན་ཐེར་འདོན་བྱེད་མཁན་གྱི་རྒྱབ་ངོས་ཀྱི་བཀོད་གཏོང་པ་རེད་ཅེས་སྐྱོན་འཛུགས་བྱས་ནས། ཨའོ་ལེང་དེ་ཡིས་སྤྱི་ཚོགས་ཏང་གི་སྲིད་གཞུང་ནས་སྨྱན་སྦྱོར་ཕྱོགས་ལ་ཁོང་གི་ནོར་སྲིད་གནས་ཚུལ་ཕྱིར་བཀྲམ་པའི་ལྐོག་གཡོའི་ནང་ཐད་ཀར་བཞུགས་པའི་ངོས་འཛིན་བྱས་ཡོད་པ་རེད།

ཧྥེའེ་ཡུང་རྗེས་སུ། དཔལ་འབྱོར་པུའུ་ཡི་པུའུ་ཀྲང་ཟུར་པ་མཱ་ཁེ་ལུང་ལ་རྒྱབ་སྐྱོར་བྱེད་མཁན་ཅུང་མང་དུ་ཕྱིན་ཡོད། འོན་ཀྱང་ཁོང་གི་སྐྱོན་ཆ་རྒྱུན་ཆད་མེད་པར་ཐེར་འདོན་བྱས་པའི་དབང་གིས་མཱ་ཁེ་ལུང་གི་མདུན་ལམ་ཡང་སྨུག་པ་གྲིབ་པ་ལྟ་བུར་གྱུར་ཡོད། མཱ་ཁེ་ལུང་རང་ལོ་༣༩ཡིན་པ་དང་། སྔ་དུས་སུ་སྤྱི་ཚོགས་ཏང་ནས་ཁ་བྲལ་ནས། མདུན་སྐྱོད་ཏང་སྒྲིག་འཛུགས་བྱས་ཏེ། གཡོན་ཕྱོགས་འདེམས་མི་ཡིད་འགུག་བྱས་ཡོད་ལ། ཡང་གཡས་ཕྱོགས་དང་ཤོག་ཁག་དབུས་མའི་རྒྱབ་སྐྱོར་ཐོབ་ཐབས་བྱས་ཡོད། ཡིན་ནའང་། མཱ་ཁེ་ལུང་ལ་རེ་བ་ཅུང་ཟད་མཐོང་མ་ཐག་གཞན་གྱི་སྐྱོན་མཚང་འདྲུས་ཡོད། མིས་གློག་རྡུལ་ཡིག་སྒམ་དང་སྤྱི་ཚོགས་འབྲེལ་འདྲིས་དྲ་བ་བརྒྱུད་ནས་ཁོང་ལ་སྐྱོན་འཛུགས་བྱེད་པའི་ལས་འགུལ་སྤེལ་ཡོད། སྤྲོ་སྣང་ལ་དགའ་བའི་ཧྥ་རན་སི་བའི་ངོས་ནས་བརྗོད་ན། མ་འོངས་པར་ཙུང་ཐུང་དེ་འདྲ་ཞིག་གདམ་པར་བསམ་བློ་ཞིབ་ཕྲ་གཏོང་བའི་དགོས་པ་ཡོད།

སྨྱན་སྦྱོར་ནས་དོ་ཁུར་ཆེ་ཤོས་བྱེད་པའི་ཧྥ་རན་སིའི་ཐེ་རོན་ཕུ་སྟེ་སླེའེ་ཕེང་གིས། ཧྥ་རན་སིར་སྔོན་ལ་བསམ་བློ་གཏོང་བ་དང་། འཛམ་གླིང་ཧྲིལ་པོ་ཅན་ལ་ངོ་རྒོལ་བྱེད་པ། ཡོ་རབ་སྒོར་མོའི་ཁུལ་ནས་ཕྱིར་དོན་པ། གནས་སྤོས་ཡུལ་མི་ཕྱིར་འབུད་གཏོང་བ་སོགས་ཐལ་སྐྱོད་འདོད་ཚུལ་འཛིན་པ་དེས། མི་རྣམས་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་དེས་རྐྱེན་པས་ཁོང་ལ་སྐྱོན་འཛུགས་མང་པོ་ཕོག་ཡོད། གནས་ཚུལ་ཟུར་གསལ་བྱས་པར་གཞིགས་ན། སླེའེ་ཕེང་གིས་རྒྱལ་དམངས་འཐབ་ཕྱོགས་སྐྱིད་སྡུག་ནང་ཡོད་པའི་ཡོ་རབ་མནའ་འབྲེལ་གྱི་གྲོས་མིས་གྲོས་མིའི་ལས་རོགས་གདན་ཞུ་བྱ་རྒྱུར་ཁ་གཡར་ནས་ རྒྱལ་དམངས་འཐབ་ཕྱོགས་ཀྱི་ཁོངས་མི་གླས་ཏེ་ཡོ་རོབ་མནའ་འབྲེལ་ནས་གླ་ཕོགས་གཡོ་ལེན་བྱས་ཡོད་ཤོད་ཀྱི་ཡོད། ཞིབ་ཕྲའི་དཔེ་མཚོན་ཞིག་བཤད་ན། བརྟག་དཔྱད་མི་སྣས་ཤེས་རྟོགས་བྱུང་བར། སྤྱི་ལོ་༢༠༡༢ལོ་ནས་བཟུང་། ཟླ་རེར་ཡོ་རོབ་སྒོར་མོ་༤༥༠༠མིང་ལ་སྣོའོ་ཧྥུའུ་རི་ཟེར་བའི་ཡོ་རོབ་གྲོས་ཚོགས་ཁང་གི་གྲོས་མིའི་ལས་རོགས་ཀྱི་གླ་ཕོགས་རྩིས་ཁྲའི་ནང་རྒྱབ་ཡོད། གྲོས་མི་དེ་ནི་སླེའེ་ཕེང་གི་ཨ་ཕ་ཡིན་པ་དང་། དུས་མཚུངས་སུ་རྒྱལ་དམངས་འཐབ་ཕྱོགས་ཀྱི་སྐབས་གོང་མའི་འགོ་ཁྲིད་མི་སྣ་ཡིན་པ་རེད།

ཁས་མི་ལེན་ཐབས་མེད་ཞིག་ནི། འདེམས་བསྐོའི་ཁྲོད་དུ་ཐེར་འདོན་བྱས་པའི་སྐྱོན་ཆ་དེ་དག་གིས་མང་ཚོགས་ཚོའི་ནམ་རྒྱུན་སྐད་ཆ་ཤོད་དུས་ཡ་མཚན་བྱ་ཡུལ་ཞིག་ལ་གྱུར་ཡོད། འོན་ཀྱང་གོང་གསལ་གནས་ཚུལ་གྱི་དོ་བདག་གཙོ་བོ་རྣམས་ཧྥ་རན་སིར་འགོ་ཁྲིད་བྱེད་མཁན་གྱི་ཙུང་ཐུང་འོས་མིར་འགྱུར་བའི་སྐབས་སུ་མི་རྣམས་ཧོན་ཐོར་བ་དང་། བློ་ཕམ་པ། སྐྱུག་བྲོ་བ་བཅས་ལ་འགྱུར་བཞིན་ཡོད། ཧྥ་རན་སིས་ཁྱབ་བསྒྲགས་བྱས་པའི་དམངས་འདོད་བརྟག་དཔྱད་ཞིག་ལས་མངོན་པར། ཧྥ་རན་སི་བ་༥༤%ཡིས་རང་རྒྱལ་ཁབ་ཀྱི་རྩེར་སོན་མི་སྣ་དེ་དག་ཁྲོད་མང་ཆེ་བར་རུལ་སུངས་ཀྱི་གནད་དོན་ཡོད་པའི་ངོས་འཛིན་བྱེད་པ་དང་། དེའི་ཁྲོད་ཀྱི་ཧྥ་རན་སི་བ་༣/༤གྱིས་ཧྥ་རན་སིའི་ཡོ་རབ་གྲོས་ཚོགས་ཁང་གི་གྲོས་མི་དང་། རྒྱལ་ཚོགས་ཁང་གི་གྲོས་མི། ཙུང་ཐུང་དང་སྲིད་གཞུང་གི་དཔོན་རིགས་བཅས་ལ་ལྟ་སྟངས་དེ་རིགས་འཛིན་བཞིན་ཡོད། དམངས་འདོད་དེ་འདྲའི་འོག་ཏུ་སུ་ཞིག་གདམ་པ་དང་སུ་ཞིག་མ་གདམ་པའི་བར་ཁྱད་པར་དེ་ཙམ་མེད་པ་རེད།

ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

ཡིག་སྒྱུར། མིག་དམར་རྒྱ་མཚོ།