དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར་37.1སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་4.8%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།
2026-10-20 09:56:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་འགྲུལ་པ་མི་ཐེངས་དུང་ཕྱུར་37.1སྐྱེལ་འདྲེན་བྱས་ཏེ་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟླ་10ཚེས་18ཉིན་ནས་ཟླ་12ཚེས་30ཉིན་བར། དགོང་ལོ་60དང་དེའི་ཡན་གྱི་རྒན་རྒོན་གྱིས་རྒྱ་ཡིག་敬ཞེས་པའི་ཡི་གེ་བཀོད་པའི་མེ་འཁོར་གྱི་སྤ་སེ་ཉོས་ཚེ། སྤ་སེའི་རིན་གོང་མང་པོ་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་གི་ཡོད།
ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རྒྱལ་ཁབ་ལྕགས་ལམ་ཚོགས་པས་སྐྱེལ་འདྲེན་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་འགྲུལ་པ་སྐྱེལ་འདྲེན་སྒྲིག་འཛུགས་ལ་ཤུགས་སྣོན་བརྒྱབ་སྟེ་འགྲུལ་སྐྱེལ་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་བས་རྒྱལ་ཡོངས་ལྕགས་ལམ་ཐོག་རིམ་རྩིས་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་37.1སྐྱེལ་འདྲེན་བྱས་པ་དང་། དེ་དུས་མཚུངས་ལས་4.8%འཕར་ནས་ལོ་རྒྱུས་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
རྒྱལ་ཁབ་ལྕགས་ལམ་ཚོགས་པ་དྲིལ་བསྒྲགས་པུའི་གསར་འགྱུར་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཝུའུ་ཤིན་ཤིང་གིས་ཟླ་དང་པོ་ནས་དགུ་པའི་བར། རྒྱལ་ཁབ་ལྕགས་ལམ་ཚོགས་པས་མྱུར་བགྲོད་ལྕགས་ལམ་དང་སྤྱིར་བཏང་ལྕགས་ལམ་གྱི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ཏེ། གསར་དུ་ཤར་གཏོང་ཐུབ་པའི་པེ་ཅིང་ནས་ཤང་ཀང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཞུང་ཨན་ནས་ཧྲང་ཆིའུ་བར་དང་། ཤིས་ཨན་དང་ཁྲུང་ཆིང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཤིས་ཨན་ནས་ཨན་ཁང་བར། དབྱི་ཁྲང་ནས་ཤིང་ཧྲན་བར་གྱི་མྱུར་བགྲོད་ལྕགས་ལམ། ཧའར་པིན་ནས་དབྱི་ཁྲུན་བར་གྱི་མྱུར་བགྲོད་ལྕགས་ལམ་སོགས་ལམ་ཐིག་གསར་པ་དང་འབབ་ཚིགས་གསར་པའི་ནུས་པ་བེད་སྤྱོད་ཡག་པོ་བྱས་ཏེ་ལྕགས་ལམ་12306གི་སྤ་སེ་ཉོ་བའི་གྲངས་གཞི་ཆེན་པོར་འགུལ་རྣམ་དབྱེ་ཞིབ་བྱས་ཏེ། དུས་ཐོག་ཏུ་མི་མང་བའི་ཕྱོགས་དང་ལམ་ཐིག་ཐོག་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་བ་དང་། “གླུ་དབྱངས་ལ་དགའ་མཁན་གྱི་ཆེད་སྤྱོད་མེ་འཁོར”དང“སྤོ་ལོར་དགའ་མཁན་གྱི་ཆེད་སྤྱོད་མེ་འཁོར་”སོགས་མེ་འཁོར་ལན་གྲངས་947བཏང་ནས་བཟའ་བཏུང་དང་། མགྲོན་ཁང་། རིག་གནས་ཡུལ་སྐོར་སོགས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་ཅེས་བརྗོད་ཡོད།
དུས་ཚིགས་དང་པོ་ནས་གསུམ་པའི་བར། ཀོང་ཧྲེན་ཀང་མྱུར་བགྲོད་ལྕགས་ལམ་དང་ཀྲུང་གོ་དང་ལོ་སིའི་བར་གྱི་ལྕགས་ལམ་གྱིས་ཁག་སོ་སོར་རྒྱལ་མཚམས་སྒྲོལ་བའི་འགྲུལ་པ་མི་ཐེངས་ཁྲི་2584.5དང་མི་ཐེངས་ཁྲི་26.5སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་སོ་སོར་11.8%དང་37.8%འཕར་ཡོད། རྒྱལ་ཡོངས་ཀྱི་ལྕགས་ལམ་ཐོག་ཕྱི་རྒྱལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་1900ལས་བརྒལ་བ་དེ་དུས་མཚུངས་ལས་33%འཕར་ཡོད།
འགྲུལ་བའི་ཕྱིར་སྐྱོད་མྱོང་ཚོར་སྔར་བས་ཡག་ཏུ་ཕྱིན་ཡོད། སྤ་སེའི་ལམ་ལུགས་གསར་པའི་ཞབས་ཞུའི་ནང་ཐེངས་གྲངས་རྩི་བའི་སྤ་སེ་དང་དུས་བཀག་སྤ་སེ་ལམ་ཐིག་76ལ་ཁྱབ་པ་དང་ཡུལ་སྐོར་ཐེངས་གྲངས་རྩི་བའི་སྤ་སེ་ལམ་ཐིག་28ལ་ཁྱབ་པ། “ཁུ་སིམ་འཁོར་སྒྲོམ་”གྱི་ཞབས་ཞུ་དེ་ཤུགས་འགྲེམས་མེ་འཁོར་8000ལྷག་ཙམ་ལ་ཁྱབ་པ། “གཅེས་ཉར་སྲོག་ཆགས་ཁྲིད་ཆོག་པའི་” ཞབས་ཞུ་དེ་མྱུར་བགྲོད་ལྕགས་ལམ་གྱི་འབབ་ཚིགས་163དང་ཤུགས་འགྲེམས་མེ་འཁོར་392ལ་ཁྱབ་པ། “རྡོག་ཁྲེས་ཁྱེར་རོགས་བྱེད་པའི་”གྱི་ཞབས་ཞུ་དེ་མེ་འཁོར་འབབ་ཚིགས་212ལ་ཁྱབ་ཡོད་པ་དང་། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་ཧའེ་ནན་གླིང་ཕྲན་སྐོར་བའི་མྱུར་བགྲོད་ལྕགས་ལམ་དུ“རྐང་འཁོར་ཁྱེར་ཆོག་པའི་”ཞབས་ཞུ་ཚོད་ལྟའི་ངང་ལག་བསྟར་བྱས་ཡོད།
















