སྤྱི་ཟླ་དང་པོ་ནས་ཟླ་བདུན་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་17.6%འཕར་བ།
2026-08-28 18:14:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་27ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར་བཞི་ཁྲི་ལྔ་སྟོང་བརྒྱད་བརྒྱ་ཉི་ཤུ་དང་བྱེ་བ་དྲུག་ལས་བརྒལ་བ་དེ་དུས་མཚུངས་ལས་17.6%འཕར་ཡོད།
བཟོ་ལས་ཐོན་རྫས་ཀྱི་རིན་གོང་རྒྱུན་མཐུད་ངང་འཕར་བའི་རྒྱབ་ལྗོངས་འོག སྤྱི་ཟླ་དང་པོ་ནས་བདུན་པའི་བར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་6.5%འཕར་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་17.6%འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད།
བཟོ་ལས་དང་ཆ་འཕྲིན་ཅན་པུའི་སའེ་ཏི་ཞིབ་འཇུག་ཁང་བཟོ་ལས་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཀོན་པིང་གིས། ཁེ་ལས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་དོན་ནི་ཕྱོགས་གཅིག་ནས་ཚོང་གཉེར་ཡོང་འབབ་བརྟན་པོའི་ངང་འཕར་བ་ལས་བྱུང་བ་དང་། ཕྱོགས་གཞན་ཞིག་ནས་བཟོ་ལས་ཁེ་ལས་ཀྱི་ཚན་པའི་མ་གནས་སྔར་བཞིན་རྒྱུན་མཐུད་ངང་ཆག་ནས། ཚོང་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་ཀྱི་ཚད་དེ་སྤྱི་ལོ་2023ལོ་ཚུན་གྱི་ལོ་རྒྱུས་དུས་མཚུངས་ཀྱི་ཆུ་ཚད་མཐོ་ཤོས་སུ་སླེབས་པའི་དབང་གིས་རེད་ཅེས་གསུངས་ཡོད།
མི་ཐབས་རིག་ནུས་+ཞེས་པ་མགྱོགས་མྱུར་རྒྱ་ཆེར་ཕྱིན་པ་དང་། རྩིས་ཤུགས་ཀྱི་དགོས་མཁོ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་བསྟུན་ནས། འབྲེལ་ཡོད་ཐོན་རྫས་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ་དེས་རིན་གོང་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། མི་ཐབས་རིག་ནུས་ཐོན་སྐྱེད་དང་བེད་སྤྱོད་དང་འབྲེལ་བ་ཡོད་པའི་གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། སྤྱི་ཟླ་དང་པོ་ནས་བདུན་པའི་བར། གློག་རྡུལ་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་1.1འཕར་བ་དེ་ནི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་མགྱོགས་མྱུར་འཕར་བའི་འདེགས་སྐྱོར་གཙོ་བོ་ཞིག་རེད།
ཀོན་པིང་གིས། དེའི་ནང་ནས་རྩིས་ཤུགས་ཉིང་ལྷེབ་དང་གསོག་འཇོག་ཉིང་ལྷེབ་ཀྱིས་མཚོན་པའི་འདུས་གྲུབ་གློག་ལམ་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་ལྡབ་18.5འཕར་ནས། གློག་རྡུལ་ལས་རིགས་ཡོངས་ཀྱི་ཁེ་སྤོགས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་བཅུ་ཆ་8ཟིན་ཡོད་ཅེས་གསུངས་ཡོད།
ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཡིན་ཞིང་། སྤྱི་ཟླ་དང་པོ་ནས་བདུན་པའི་བར། བཟོ་སྐྲུན་ལས་རིགས་དེ་ཐོན་ལས་འབྲེལ་ཐག་དང་རིན་ཐང་འབྲེལ་ཐག་གི་འབྲིང་རིམ་དང་མཐོ་རིམ་ཕྱོགས་སུ་བརྗེ་སྒྱུར་བྱ་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། གཞི་ཁྱོན་ཡན་གྱི་ལག་རྩལ་འདུས་ཚད་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་དུས་མཚུངས་ལས་50.1%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཡོངས་ཀྱི་ཁེ་སྤོགས་བརྒྱ་ཆའི་གནས་9.6འཕར་རྒྱུར་སྐུལ་ཁྲིད་བྱས་ཡོད་ཅེས་གསུངས་ཡོད།
















