ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ནོར་སྲིད་ཡོང་འབབ་དུས་མཚུངས་ལས་4.7%འཕར་ནས། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་འགན་ལེན་ནུས་ལྡན་བྱུང་བ།
2026-07-23 09:53:00 责编:卓玛才让
འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ནོར་སྲིད་པུའི་གྲངས་གཞི་གསར་ཤོས་ལས་མངོན་པར། ད་ལོའི་ལོ་སྟོད་དུ། རང་རྒྱལ་གྱི་ནོར་སྲིད་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་། དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ལ་འགན་ལེན་ནུས་ལྡན་བྱུང་ཡོད།
ད་ལོའི་ལོ་སྟོད་དུ། རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་121047ཟིན་པ་དེ་དུས་མཚུངས་ལས་4.7%འཕར་ཡོད། ནོར་སྲིད་པུའི་རྒྱལ་མཛོད་སིའི་སི་ཀྲང་གཞོན་པ་མ་ཧུང་པིང་གིས། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་9.79ཟིན་པ་དེ། དུས་མཚུངས་ལས་5.3%འཕར་བ་དང་། འཕར་ཚད་དུས་ཚིགས་དང་པོ་ལས་བརྒྱ་ཆའི་གནས་3.1འཕར་ཡོད། ཁྲལ་རིགས་དབྱེ་ནས་བལྟས་ན། རྒྱལ་ནང་གི་གནས་ཐང་འཕར་ཁྲལ་བརྒྱ་ཆ་6འཕར་བ་དང་། ནང་འདྲེན་དངོས་ཟོག་གི་གནས་ཐང་འཕར་ཁྲལ་དང་འཛད་སྤྱོད་དཔྱ་ཁྲལ་བརྒྱ་ཆ་11.8འཕར་བ། དངུལ་འཛིན་ཉོ་ཚོང་གི་འཛིན་རྟགས་དཔྱ་ཁྲལ་བརྒྱ་ཆ་97.3འཕར་ཡོད་ཅེས་གསུངས་པ་རེད།
མ་ཧུང་པིང་གིས། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་ཀྱི་རིམ་རྩིས་འཕར་ཚད་ཟླ་རེ་བཞིན་མཐོ་རུ་ཕྱིན་ཡོད། གཙོ་བོ་ནི་རང་རྒྱལ་གྱི་དཔལ་འབྱོར་མཉེན་ཤུགས་ཆེ་བ་དང་གསོན་ཤུགས་ཆེ་བས། ལོ་སྟོད་དུ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། གསར་པ་དང་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྣམ་པ་རྒྱུན་མཐུད་ཐུབ་ཡོད། དུས་མཚུངས་སུ་རིན་གོང་འཕར་བ་དང་། རྐང་དངུལ་འཛིན་ལོར་གྱི་ཁྲོམ་ར་འཁྲུག་ཆ་དོད་པ། ཕྱི་ཕྱོགས་ཉོ་ཚོང་འཕར་ཤུགས་ཆེ་བ་སོགས་ཀྱི་རྒྱུ་རྐྱེན་གྱིས་ཀྱང་ནོར་སྲིད་ཡོང་འབབ་འཕར་སྣོན་ཡོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།
ལོ་སྟོད་དུ། རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་143329ཟིན་པ་དེ་དུས་མཚུངས་ལས་1.5%འཕར་ཡོད། དགོས་ངེས་ཀྱི་ནོར་སྲིད་གཏོང་སྒོའི་ཤུགས་ཚད་རྒྱུན་འཁྱོངས་བྱས་ནས་གཙོ་གནད་ཁྱབ་ཁོངས་ཀྱི་གཏོང་སྒོ་འགན་སྲུང་བྱས་ཡོད། རྒྱལ་ཡོངས་ཀྱི་གཏོང་སྒོའི་ཁྱབ་ཁོངས་གཙོ་བོའི་ནང་སྤྱི་ཚོགས་འགན་སྲུང་དང་ལས་ཞུགས་ཀྱི་གཏོང་སྒོ་སྒོར་དུང་ཕྱུར་26360ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ཡོད། འཕྲོད་བསྟེན་བདེ་ཐང་གི་གཏོང་སྒོ་སྒོར་དུང་ཕྱུར་12191ཟིན་པ་དེ་དུས་མཚུངས་ལས་10.8%འཕར་ཡོད།
ནོར་སྲིད་པུའི་སྔོན་རྩིས་སིའི་སི་ཀྲང་གཞོན་པ་ཐང་ཙའེ་ཧྥུ་ཡིས། ལོ་སྟོད་དུ། རྒྱལ་ཁབ་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བ། ས་གནས་ནོར་སྲིད་བརྟན་པོའི་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནོར་སྲིད་སྲིད་ཇུས་ཁག་གིས་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ནང་མཁོ་རྒྱ་སྐྱེད་གཏོང་བའི་འཐབ་ཇུས་ཀྱི་གཞི་གནས་མཐའ་འཁྱོངས་དང་། མ་འཇོག་རྒྱ་ཆེར་གཏོང་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་རྒྱུན་མཐུད་སྐུལ་འདེད་གཏོང་བ། ནོར་སྲིད་དང་དངུལ་རྩ་མཐུན་སྦྱོར་གྱིས་ནང་མཁོ་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་གསར་གཏོད་ལག་བསྟར་བྱེད་པ། ནོར་སྲིད་མ་དངུལ་གྱི་རྒྱ་རྡོ་སྲང་བཞི་ཡིས་རྒྱ་མ་སྟོང་ཕྲག་འདེགས་པ་ལྟ་བུའི་ནུས་པ་འདོན་སྤེལ་ཡག་པོ་བཅས་བྱས་ནས། དམངས་ཁྲོད་ཀྱི་མ་འཇོག་དང་གྲོང་མིའི་འཛད་སྤྱོད་ལ་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད་ཅེས་གསུངས་འདུག
















